༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་མཁས་དབང་བརྒྱ་ལྷག་གི་གསུང་བཤད་ཕྱོགས་བསྒྲིགས་འགྲེམས་སྤེལ་གནང་འདུག

བཀའ་ཤག་སྐབས་༡༥ པས་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་སྲུང་བརྩི་ཞུ་བའི་སྐབས། མཁས་དབང་བརྒྱ་ལྷག་གིས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གསུང་བཤད་གནང་བ་དག་ཕྱོགས་བསྒྲིགས་ཀྱིས་ད་ཆར་འཕྲུལ་དེབ་འགྲེམས་སྤེལ་གནང་འདུག

པར། བོད་མིའི་སྒྲིག་འཛུགས།

ལོ་འདིའི་ཕྱི་ཟླ་༧ ཚེས་༦ ཉིན། ༧གོང་ས་མཆོག་ཕྱིི་ལུགས་དགུང་གྲངས་༩༠ ལ་ཕེབས་པའི་སྐུའི་གོ་སྟོན་དང་བསྟུན། བོད་མིའི་སྒྲིག་འཛུགས་ནང་ལོ་གཅིག་གི་རིང་བྱསས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་གཏན་འཁེལ་བའི་ཆ་ཤས་སུ། ༧རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ། འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་མཐུན་སྒྲིལ་གོང་སྤེལ། བོད་ཀྱི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་བསྐྱར་གསོ་བཅས་ཀྱི་སྐོར་མཁས་དབང་ཁག་གི་གསུང་བཤད་ཕྱོགས་བསྒྲིགས་ཀྱི་འཕྲུལ་དེབ་འགྲེམས་སྤེལ་གནང་ཡོད་འདུག

བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་དང་ཧིན་དྷིའི་སྐད་ཡིག་བཅས་སྐད་ཡིག་བཞིའི་ནང་ཡོད་པའི་འཕྲུལ་དེབ་དེ། དེ་སྔ་བཀའ་ཤག་སྐབས་༡༥ པས་ཕྱི་ལོ་༢༠༢༠ ལོར་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་ཞེས་སྲུང་བརྩི་ཞུས་པའི་ལས་རིམ་གྱི་ཆ་ཤས་སུ། ༧མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་མཁས་དབང་བརྒྱ་ལྷག་གིས་གསུང་བཤད་གནང་བ་རྣམས་ཕྱོགས་བསྒྲིགས་ཞུས་པ་ཞིག་ཆགས་ཡོད་འདུག

༧རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གྱི་བགྲོ་གླེང་ལས་རིམ་དག་དཔེ་དེབ་ཏུ་ཕྱོགས་བསྒྲིགས་དགོས་གལ་སྐོར་མང་ཚོགས་ནས་སྤྱི་སྨན་དགོངས་འཆར་ཕེབས་དོན་བཞིན་གསུང་བཤད་ཁག་ཡིག་འབེབས་དང་ཞུ་དག་གིས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཐུགས་ཞིབ་དང་འབྲེལ་འདོན་སྤེལ་ཞུས་ཡོད་འདུག

པར་སྐྲུན་བྱས་པའི་ནང་། མཁས་དབང་རྣམས་ཀྱིས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་ཁོང་རྣམ་པས་༧གོང་ས་མཆོག་དང་ལྷན་དུ་ཕྱག་ལས་གནང་བ་དང་། ཤེས་ཡོན་སྦྱངས་པའི་ཉམས་མྱོང་ལ་གཞི་བཅོལ་ནས་གཟིགས་ཚུལ་དང་དགོངས་ཚུལ་དག་གསལ་ཡོད་འདུག

དཔེ་དེབ་འདི་ནི་དེ་སྔ་ཕྱི་ལོ་༢༠༢༠ ལོར་བཀའ་ཤག་སྐབས་༡༥ པས་༧རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ལོ་ནས་དབུ་འཛུགས་གནང་བ་ཞིག་དང་། འདི་ལོར་བཀའ་ཤག་སྐབས་༡༦ པས་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བའི་གྲ་སྒྲིག་གནང་བཞིན་པའི་སྐབས་འདོན་སྤེལ་ཐུབ་ཡོད་པ་དང་། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་ཐོག་གཟིགས་ཐུབ་ཀྱི་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་བཀོད་འདུག

གསར་འགོད་པ། བློ་བཟང་རྒྱ་མཚོ།