༧གོང་ས་མཆོག་གི་ཕྱག་དེབ་གསར་པ་ཞིག་པར་སྐྲུན་བྱེད་ལ་ཉེ་བ།

ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་བརྗོད་བྱར་བཟུང་བའི་༧གོང་ས་མཆོག་གི་ཕྱག་དེབ་གསར་པ་<<ང་ཚོའི་ཁྱིམ་གཞིས་གཅིག་པུ།>>ཞེས་པ་ཞིག་འདི་ལོའི་ཕྱི་ཟླ་༡༡ ནང་པར་སྐྲུན་བྱེད་གཏན་འཁེལ་འདུག 

<<ང་ཚོའི་ཁྱིམ་གཞིས་གཅིག་པུ>>ཞེས་པའི་ཕྱག་དེབ་དེ་ནི་༧གོང་ས་མཆོག་དང་། ཇར་མན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་གསར་འགོད་པ་ཧྥ་རན-ཨལ་ཋ་(Franz Alt) རྣམ་གཉིས་ཀྱིས་མཉལ་འབྲེལ་ཐོག་ནས་ལྗགས་རྩོམ་གནང་བ་ཞིག་ཡིན་འདུག་ཅིང་། ཕྱག་དེབ་དེའི་བརྗོད་བྱ་གཙོ་བོ་ནི་ད་ལྟའི་སྐབས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ཅི་འདྲའི་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པ་དེ་ཡིན་འདུག

ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཕྱག་དེབ་གསར་པ་དེ་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༢ ཉིན་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱེད་གཏན་འཁེལ་འདུག་པ་དང་། ཨ་རི་དང་ཁེ་ན་ཊའི་ནང་པར་སྐྲུན་བྱེད་མཁན་ནི་ཧར་ཕར་ཁོ་ལིན་པར་སྐྲུན་ཁང་(HarperCollins)དང་། དབྱིན་ཇི་དང་དབྱིན་ཇིར་འབྲེལ་བའི་རྒྱལ་ཁབ་ཁག་ཏུ་པར་སྐྲུན་བྱེད་མཁན་ནི་བྷི་ལོམ་སི་བྷེ་རི་པར་སྐྲུན་ཁང་(Bloomsbury Sigma) ཆགས་ཡོད་འདུག 

ཐོག་མའི་ཆར་ཕྱག་དེབ་དེའི་པར་སྐྲུན་བདག་དབང་གོང་ཚད་རིམ་སྤར་ལམ་ལུགས་(Auction) བརྒྱུད་དེ་ཐག་གཅོད་བྱེད་འཆར་ཡོད་འདུག་ན་ཡང་། དེ་ནས་འབྲེལ་ཡོད་པར་སྐྲུན་ཁང་གཉིས་ཀྱིས་པར་སྐྲུན་བདག་དབང་མཉམ་སྤྱོད་བྱས་ན་“ཕྱག་དེབ་དང་དེའི་རྩོམ་པ་པོའི་དགོངས་པ་དང་མཐུན་”ཚུལ་བཤད་དེ་བདག་དབང་མཉམ་སྤྱོད་བྱེད་པའི་མོས་མཐུན་བྱུང་ཡོད་འདུག 

པར་སྐྲུན་ཁང་གིས་བཏོན་པའི་ནང་དོན་སྙིང་བསྡུས་ལྟར་ན། ཕྱག་དེབ་དེའི་ནང་༧གོང་ས་མཆོག་གིས་འཛམ་གླིང་གི་ཆབ་སྲིད་མི་སྣ་ཚོར་ཁོར་ཡུག་འགྱུར་ལྡོག་གི་གནད་དོན་ལ་གདོང་ལེན་འཐབ་རྩོད་བྱེད་པའི་འབོད་སྐུལ་གནང་བ་མ་ཟད། ཁོང་གིས་ང་ཚོ་ཚང་མས་ཁོར་ཡུག་ལ་གཅེས་སྤྲས་བྱེད་པའི་འཛམ་གླིང་མི་འདྲ་བ་ཞིག་གི་ཆེད་དུ་ནུས་ཤུགས་འདོན་དགོས་ཚུལ་གསུངས་ཡོད་འདུག 

གཞན་ཡང་། འདི་ལོའི་ཕྱི་ཟླ་༣ པའི་ནང་༧གོང་ས་མཆོག་གི་བྱིས་སྒྲུང་ཐོག་མ་<<བྱམས་བརྩེའི་ས་བོན་>>ཞེས་པ་པར་སྐྲུན་གྲུབ་པ་དང་། དེའི་སྔོན་ཏེ་༢༠༡༦ ལོར་ཡེ་ཤུའི་ཆོས་དཔོན་ཌ་སི་མོན-ཋོ་ཋོ་(Desmond Tutu)མཆོག་དང་མཉམ་འབྲེལ་གྱིས་དགའ་སྤྲོ་བརྗོད་བྱར་བཟུང་བའི་ཕྱག་དེབ་ཅིག་ཀྱང་ལྗགས་རྩོམ་གནང་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།