༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཆེད་སྦེལ་ཀོབ་ནས་རྡ་སར་ཟླ་དྲུག་གི་རྐང་འཁོར་སྐོར་བསྐྱོད་འགོ་བཙུགས།

འདི་གར་སྦེལ་ཀོབ་ས་གནས་གསར་འགོད་པས་གནས་ཚུལ་མཁོ་སྤྲོད་གནང་དོན། ཕྱི་ལོ་༢༠༢༥ ཟླ་༧ ཚེས་༦ ཉིན་གྱི་ཕྱི་དྲོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་རྒན་པ་དང་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ཀྱིས། ༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་བོད་དོན་དྲིལ་བསྒྲགས་ཆེད། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནས་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལའི་བར་ཟླ་དྲུག་རིང་གི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འགོ་འཛུགས་གནང་འདུག།

ཁོང་གི་ལས་འགུལ་དེ་ཚེས་༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢ པའི་ཐོག་སྦེལ་ཀོབ་༧རྒྱལ་བའི་ཕོ་བྲང་ནས་འགོ་བཙུགས་ཏེ། གདན་ས་སེ་ར་ཐེག་ཆེན་གླིང་དུ་མཆོད་མཇལ་དང་སྨོན་ལམ་གསོལ་འདེབས་གྲུབ་མཚམས། སྦེལ་ཀོབ་ས་གནས་གཞོན་ནུས་ཕེབས་སྐྱེལ་དང་བཅས་ཧོང་སོར་རྒྱ་གར་གཞུང་ལམ་བརྒྱུད་བསྐྱོད་འགོ་བཙུགས་ཡོད་འདུག།

ལས་འགུལ་འདིའི་དམིགས་ཡུལ་སྐོར་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་གསུང་དོན། “ལས་འགུལ་གྱི་འབོད་ཚིག་ནི་ ༼མི་ཡུལ་ག་ཚད་སྐྱིད་ཀྱང་། རང་ཡུལ་ནམ་ཡང་མ་བརྗེད། བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་དགོས།༽ ཞེས་པ་དེ་ཡིན། ལམ་བར་དུ་རྒྱ་གར་མི་མང་རྣམས་ལ་༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་། བོད་འབངས་ཡོངས་ཀྱི་དོན་དུ་མཛད་འཕྲིན་རླབས་ཆེན་སྐྱོང་བཞིན་པ་དང་། ད་ལྟའི་བོད་ནང་གི་དངོས་ཡོད་དཀའ་ངལ་སོགས་ཀྱི་སྐོར་ཡིག་ངག་གཉིས་ཐོག་ནས་གོ་རྟོགས་སྤེལ་རྒྱུ་ཡིན།” ཞེས་གསུངས།

ཁོང་གིས་ཕྱི་ལོ་༢༠༢༢ ལོ་ནས་བཟུང་ད་བར་བོད་དོན་ཁྱབ་བསྒྲགས་ཆེད་རྒྱ་གར་རྒྱལ་ཡོངས་ཀྱི་མངའ་སྡེ་དང་གྲོང་ཁྱེར་མང་པོའི་ནང་སྤྱི་ལེ་༡༠,༠༠༠ ལྷག་གི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་ཟིན་ཞིང་།

ཁོང་གི་རེ་བར་ཟླ་དྲུག་གི་སྐོར་བསྐྱོད་མཐར་བཞུགས་སྒར་རྡ་སའི་རྒྱལ་བའི་ཕོ་བྲང་གི་མདུན་དུ་མཇུག་བསྡོམས་ཀྱིས་༧གོང་ས་མཆོག་ལ་དངོས་སུ་མཇལ་ཁ་ཞུ་རྒྱུའི་རེ་བ་ཟབ་མོ་གནང་བཞིན་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།