༧གོང་ས་མཆོག་གི་མཛད་རྣམ་བོད་དང་བོད་མིའི་མགྲིན་ཚབ་དེ་རིང་གཅིག་པུར་དེབ་༣༤༠༠ ཡས་མས་བྲིན་སོང་ཟེར།

ཕྱི་ཟླ་༧ པའི་ཚེས་༢ སྟེ་༧རྒྱལ་བའི་བླ་གཟའ་ལྷག་དཀར་ཉིན་ལོ་ཙཱ་བ་ཆུང་ཚེ་རིང་ནས་བོད་བསྒྱུར་གནང་བའི་༧གོང་ས་མཆོག་གི་མཛད་རྣམ་བོད་དང་བོད་མིའི་མགྲིན་ཚབ་ཞུ་བའི་ཕྱག་དེབ་དེ་གཙོ་བོར་བྱས་པའི་དེབ་གཞན་ཁག་ཅིག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་དབུ་འབྱེད་གནང་སོང་། དེབ་དེ་དག་ལས་གཞན་རྣམས་ནི་བློ་བཟང་ལུང་རྟོགས་དང་ཞོ་ར་བསྟན་པ་དར་རྒྱས་ནས་རྩོམ་སྒྲིག་གནང་བ། ༧གོང་ས་མཆོག་ཨོ་གླིང་ཁུལ་དུ་ཆིབས་བསྒྱུར་ལན་བཅུ་གནང་སྐབས་མགོན་པོ་གང་གིས་དད་ལྡན་རྣམས་ལ་བཀའ་ཆོས་སྩལ་བ་དང་། བཀའ་སློབ། བགྲོ་གླེང་། བརྙན་འཕྲིན་དུ་ཁྱབ་བསྒྲགས་སོགས་ཀྱི་ལམ་ནས་གསུང་གི་མཛད་འཕྲིན་ཁག་བཀོད་པའི་དེབ་གཅིག་དང་། དེབ་གཞན་དམར་པོའི་རླབས་ཀྱིས་བསྣུབས་པའི་ཕ་ས་ཞེས་པ་འདིའི་ངོ་སྤྲོད་ཉེ་སྔོན་བཀོད་ཟིན། དེ་བཞིན་ཚེ་རིང་སྐྱིད་ཀྱིས་བརྩམས་པའི་སྙན་ངག་ཕྱོགས་བསྡུའི་དེབ་བར་དོ་ཞེས་པ་བཅས་རེད་འདུག

དམིགས་བསལ་༧གོང་ས་མཆོག་གི་མཛད་རྣམ་བོད་དང་བོད་མིའི་མགྲིན་ཚབ་ཞུ་བའི་ཕྱག་དེབ་དེ། ལོ་ཙཱ་བས་ཁོང་སྒེར་གྱི་ངོ་དེབ་ཐོག་ཏུ་“བོད་ཀྱི་དཔེ་མཛོད་ཁང་གི་དབུ་འཛིན་དགེ་བཤེས་མཁས་དབང་ལྷག་རྡོར་ལགས་ཀྱིས། བོད་དང་བོད་མིའི་མགྲིན་ཚབ་དེབ་གྲངས་དགུ་སྟོང་པར་འདེབས་གནང་བ་ནས། མངགས་ཉོ་གནང་བ་བརྒྱད་སྟོང་བྱུང་ཚར་སོང་། ད་དུང་མུ་མཐུད་པར་སྐྲུན་བྱ་གི་ཡིན། ༧རྒྱལ་བའི་མཛད་རྣམ་འདི་ཇི་སྲིད་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པ་དེ་སྲིད་དུ་མ་གནས་ནས་བརྒྱ་ཆ་༢༠ ཆག་ཡང་ཡོད་གསུངས་སོང་། མཛད་རྣམ་འདིར་ཐུགས་སྣང་གནང་མཁན་མང་པོ་བྱུང་དང་འབྱུང་བཞིན་པ་དེས། བོད་མི་ཚོས་༧གོང་ས་མཆོག་གི་བཀའ་དགོངས་དང་མཛད་འཕྲིན་ལ་དད་གུས་ཇི་ཙམ་ཡོད་པ་མཚོན་པས། སེམས་དགའ་ཞིང་མགུའོ་”ཞེས་བཀོད་འདུག གཞན་ཡང་འདི་གའི་གསར་འགོད་པ་ད་གིན་ཕྱི་དྲོར་བོད་ཀྱི་དཔེ་མཛོད་ཁང་དུ་བཅར་སྐབས། སེར་སྐྱ་མང་པོས་རང་དང་གཞན་གྱིས་མངགས་པའི་དེབ་བླུ་བཞིན་འདུག་ལ། དེབ་འཚོང་མཁན་དང་རྩིས་པ་བཅས་ཀྱི་སར་དེ་རིང་ཉིན་གཅིག་ལ་དེབ་ག་ཚོད་བྲིན་མིན་འདྲི་སྐབས། ད་ལྟ་ཧ་གོ་བ་ཞིག་ལ་དེ་རིང་མངགས་ཉོ་གནང་བའི་དེབ་༣༤༠༠ ཡས་མས་བྱུང་སོང་ཞིབ་ཕྲའི་རྩིས་རྒྱག་རྒྱུ་ཡིན་ཞེས་ལན་འདེབས་གནང་བྱུང་། ཕྱག་དེབ་དེར་མཛད་རྣམ་རང་ལ་ལེའུ་བཅུ་དྲུག་དང་ཁ་སྣོན་ཡིག་ཆ་ཁག་བཅས་ཤོག་གྲངས་༤༥༤ འདུག་ལ། ཤོག་བུ་མཁྲེགས་པོ་ཞིག་དང་སྙི་བ་ཞིག་བཅས་ཤོག་བུ་མི་འདྲ་བ་གཉིས་དང་དེ་བཞིན་གོང་ཡང་ཆེ་ཆུང་ཡོད་འདུག་པས། ཤོག་བུ་སྙི་བ་གོང་ཆུང་བ་དེ་རྫོགས་ཚར་འདུག ཤོག་བུ་མཁྲེགས་པོ་དེའི་རྒྱབ་ངོས་སུ་དེབ་གཅིག་ལ་སྒོར་༧༥༠ བྲིས་འདུག་ཀྱང་བརྒྱ་ཆ་༢༠ ཆག་ཡང་རེད་འདུག དེབ་བླུ་མཁན་ནང་རྩོམ་པ་པོ་རྒན་ཞིག་གིས། བོད་པ་ཚོ་ཨ་གསར་ཆེ་ནས་དེ་རིང་དེབ་མང་པོ་ཉོ་གི་འདུག་ག ཉོས་ཚར་དུས་ཡར་བཤམས་འཇོག་པ་ལས་ཀློག་གི་ནི་མ་རེད། ང་ཚོ་དེབ་ཀྱི་ལས་ཀ་བྱེད་མཁན་རེད་ཧ་གོ་གི་རེད་ཅེས་བརྗོད་སོང་། དེ་སྔོན་༧སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པས་བྱུང་ན་བོད་མི་ཁྱིམ་ཚང་ཚང་མས་རེ་རེ་བླུས་ཏེ་ཉར་དགོས་པར་ཡང་བརྗོད་ཡོད།

གསར་འགོད་པ། བསྟན་འཛིན་ལམ་བཟང་།