༧གོང་ས་མཆོག་གི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོ་སྤྱི་འཐུས་མེད་པའི་ཐོག་ནས་སྲུང་བརྩི་ཞུས་སོང་། 

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་སྐུའི་འཁྲུངས་ཀྱི་གཞུང་འབྲེལ་མཛད་སྒོ་དེ་སྤྱི་འཐུས་ཀྱི་གཞུང་འབྲེལ་གསུང་བཤད་མེད་པའི་ཐོག་ནས་སྲུང་བརྩི་ཞུས་སོང་བ་དང་། དེ་ནི་ ༡༩༦༠ ལོར་ཆོལ་ཁ་ཆོས་བརྒྱུད་རིས་མེད་ཀྱི་འཐུས་མི་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོ་གསར་འཛུགས་གནང་བ་ནས་བཟུང་གནས་སྟངས་འདི་ལྟ་བུའི་འོག་ནས་བྱུང་བ་ཆེས་ཐོག་མ་དེ་ཆགས་ཡོད་འདུག

དེ་རིང་ཞོགས་པར་དྷ་ས་གངས་སྐྱིད་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་༧གོང་ས་མཆོག་དགུང་གྲངས་ ༨༦ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བའི་གཞུང་འབྲེལ་མཛད་སྒོ་འཚོགས་པའི་ཐོག བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་བརྙན་འཕྲིན་བརྒྱུད་དེ་༧མགོན་པོ་གང་ཉིད་ཀྱི་༧སྐུའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་དང་། བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་བསྐལ་བརྒྱ་བཞུགས་པའི་གསོལ་འདེབས་སྨོན་ལམ་ཞུས་སོང་བ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་སོང་། ཡིན་ན་ཡང་། ལོ་གཅིག་གི་མཛད་སྒོ་གལ་ཆེན་དེའི་ཐོག ནམ་རྒྱུན་གྱི་ལུགས་སྲོལ་ལྟར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་མེད་པ་རེད།

གཞུང་འབྲེལ་མཛད་སྒོ་དེའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་གིས་༧གོང་ས་མཆོག་ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་མདོ་སྨད་སྐུ་འབུམ་ཚོ་དྲུག་གི་ནང་ཚན་ཕྱི་ཀྱཱ་ཚོ་བའི་ལྟག་མཚེར་གྲོང་ཚོར་ཡབ་ཆོས་སྐྱོང་ཚེ་རིང་དང་ཡུམ་བདེ་སྐྱིད་ཚེ་རིང་གཉིས་ཀྱི་རིགས་སྲས་སུ་སྐུའི་མཚན་དཔེ་མངོན་པར་བཞད་པ་ནས་ད་ལྟའི་བར་གྱི་སྐུ་ཚེའི་ལོ་རྒྱུས་དང་། གལ་ཆེའི་ལོ་ཚིགས་དང་སྦྱར་བའི་ཁོང་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་སྒྲོགས་སྦྱང་གནང་རྗེས། ད་ལྟའི་བཙན་བྱོལ་ནང་དུ་འབྱུང་བཞིན་པའི་དཀའ་རྙོག་དང་འབྲེལ་བའི་ཐད་ལ། “༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ལོ་ ༦༠ རིང་སྐུ་ངལ་ཚད་མེད་བསྐྱོན་ནས་མང་གཙོའི་གོམ་སྟབས་བཞི་ལ་བརྟེན་ནས་གསར་འཛུགས་དང་འཐུས་ཚང་བཟོས་པའི་སྒྲིག་འཛུགས་འདི་ནི། བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་རིས་སུ་མ་ཆད་པ་ཐུན་མོང་གི་སྒྲིག་འཛུགས་ཤིག་ཡིན་ལ། བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་རིས་སུ་མ་ཆད་པ་ཐུན་མོང་གིས་སྒྲིག་འཛུགས་འདི་ཁ་ལོ་སྒྱུར་དགོས་པ་དང་། སྒྲིག་འཛུགས་འདིའི་བསྒྲུབ་བྱ་ནི་བོད་ཆོལ་ཁ་གསུམ་དང་ཆོས་བརྒྱུད་རིས་སུ་མ་ཆད་པ་ཐུན་མོང་གི་ཁེ་ཕན་ཡིན་པས། སྒྲིག་འཛུགས་འདི་ཚགས་ཚུད་ཡར་རྒྱས་ཡོང་བ་ལ། གང་ཟག་གིས་དབང་བསྒྱུར་མ་ཡིན་པར། ཁྲིམས་ཀྱིས་དབང་བསྒྱུར་བྱེད་དགོས་ཤིང་། ཁྲིམས་ཀྱི་དབང་བསྒྱུར་ནི་སྤྱི་སྙོམས་དྲང་བདེན་གྱི་དམ་བཅའ་དང་པོ་དེ་ཡིན་ཞེས་གསལ་བསྒྲགས་རིམ་པར་ཞུས་ཟིན་པ་ཡིན་སྟབས། རྩ་དོན་འདི་དང་འགལ་བའི་ཆ་གང་ལའང་གོམ་བཤོལ་དང་། བསྟུན་འགྲིག་གི་ལམ་ཁ་བཙལ་ན་མང་གཙོའི་གཞི་རིམ་ལྟ་གྲུབ་དང་འགལ་བ་མ་ཟད། མིང་དོན་མཚུངས་པའི་མང་གཙོ་ཡོང་ཐབས་མེད། ང་ཚོར་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ལྟ་གྲུབ་ཀྱི་ཐོག་ནས་རྩེ་མཐུན་མ་བྱུང་བའི་དཀའ་རྙོག་འཕྲད་སྐབས། མ་མཐུན་པའི་ཕྱོགས་སོ་སོ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་གཞིར་བཟུང་འདུམ་འགྲིག་གི་ཐབས་ཤེས་བསྟེན་དགོས་པ་ལས། ཐབས་ཤེས་འདི་དོར་ཚེ་སྤྱི་སྙོམས་དྲང་བདེན་ཡོང་ས་མེད་ལ། ཁྲིམས་ཀྱིས་དབང་བསྒྱུར་ཡང་ཡོང་ས་མེད། རྒྱུ་མཚན་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནི་མང་གཙོའི་སྲོག་ཤིང་ཡིན་པས། སྲོག་ཤིང་དོར་བའི་མང་གཙོ་ནི་སྤྱི་ཚོགས་ཤིག་ནང་འཚོ་གནས་ཐུབ་པའི་གཞི་རྟེན་མེད་པས། ཚང་མས་དེ་དོན་དགོངས་འཇགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་”ཞེས་གསུངས་སོང་།

ད་ལྟའི་ཆར་བཙན་བྱོལ་དཀའ་རྙོག་འཕྲད་བཞིན་ཡོད་ཅིང་། དེ་ནི་ལོ་སྔོན་མར་རྒྱ་ནད་ཏོག་དབྱིབས་ཀྱི་རྐྱེན་གྱིས་གྲོས་ཚོགས་འཚོག་མ་ཐུབ་པར་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་ལ་བཅད་ཁྲ་བཏང་བ་དང་། དེ་ལ་བརྟེན་ནས་འདི་ལོའི་ཕྱི་ཟླ་ ༣ པའི་ནང་གྲོས་ཚོགས་ནང་རྩ་འབོར་སུམ་ཆ་གཉིས་ལྷག་གི་རྒྱབ་སྐྱོར་འོག་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་བཏང་བའི་གྲོས་ཆོད་བཞག་པ་དང་འབྲེལ་ཡོད་པ་རེད། དེ་རྗེས་ཟླ་སྔོན་མའི་ཚེས་ ༨ ཉིན་སྐབས་ ༡༧ པའི་སྤྱི་འཐུས་ཚོའི་ཁྲོད་དུ་དམ་འབུལ་བྱེད་ཡུལ་ཐད་ལ་རྩོད་རྙོག་བྱུང་ནས་ཤོག་ཁག་གཉིས་སུ་བྱེ་བ་མ་ཟད། ཕྱོགས་གཅིག་གིས་བར་བརྒལ་ཚོགས་གཙོའི་མདུན་ནས་དལ་འབུལ་ཞུས་པ་དང་། ཕྱོགས་གཅིག་གིས་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་བཅའ་ཁྲིམས་མདུན་ནས་དམ་འབུལ་ཞུས་པས། དལ་འབུལ་བྱེད་ཡུལ་ཁྲིམས་མཐུན་ཡིན་མིན་གྱི་རྩོད་རྙོག་དེ་ལ་བརྟེན་ནས་ད་བར་དུ་སྤྱི་འཐུས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། དེ་བཞིན་བཀའ་ཤག་གི་བཀའ་བློན་རྣམས་འདེམས་མ་ཐུབ་པར་ལྷག་ཡོད་པ་མ་ཟད། རྩོད་རྙོག་དེ་མུ་མཐུད་གནས་རྒྱུའི་རྣམ་པ་ཞིག་མངོན་གྱི་ཡོད་པ་རེད། 

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་“གནས་སྟངས་དང་ཁོར་ཡུག་གང་གི་འོག་ཏུ་ཡིནའང་། ང་ཚོ་འདས་ཟིན་པའི་དཀའ་རྙོག་ལ་འཐམ་འཁྱུད་བྱས་ཏེ་སོར་གནས་བྱེད་ཐབས་མེད་པ་དང་། དེའི་ཐོག་རྩོད་གླེང་བྱས་ཏེ་ཕྱིར་བཤིག་རྒྱག་ཐབས་ནི་དེ་བས་ཀྱང་མེད་པས། ཁྲིམས་སྒྲིག་དང་མཐུན་པའི་ཐོག་ནས་ཐབས་ལམ་འཚོལ་རྒྱུ་ནི་གོམ་པ་མདུན་སྤོའི་ཁ་ཕྱོགས་ཡང་དག་པ་ཞིག་ཡིན་”ཞེས་གསུངས་པའི་ཁར། “འཛིན་སྐྱོང་བཀའ་ཤག་གི་ངོས་ནས། ཁྲིམས་སྒྲིག་གི་དགོངས་དོན་གཞིར་བཟུང་མང་གཙོའི་ཀ་བ་གསུམ་ཕན་ཚུན་ལྗིད་སྙོམས་སྟངས་འཛིན་གཙོ་བཟུང་ཐོག ལས་དོན་བྱེད་སྒོ་ཁག་བཟང་ཕྱོགས་སུ་གོམ་པ་སྤོ་བཞིན་པ་དང་། མ་འོངས་པར་ཡང་བོད་ཀྱི་རྩ་དོན་དང་བོད་མིའི་བདེ་དོན་སྒྲུབ་ཕྱོགས་ཐད་དེ་བཞིན་དུ་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་”ཅེས་བསྣན་སོང་། 

གཞན་ཡང་། དེ་རིང་གི་མཛད་སྒོའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་གིས་“སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་འགྲོ་བ་མིའི་དུས་རབས་ཀྱི་སློབ་སྟོན་པ་རླབས་ཆེན་ཞིག་དང་། བོད་རྒྱ་མི་རིགས་གཉིས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་ཐུབ་པའི་མི་སྣ་གལ་ཆེན་ཞིག་ཡིན་པས། རྒྱ་གཞུང་ནས་༸གོང་ས་༸་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྡུས་ཚེ་བོད་དོན་ཞི་ཡལ་དུ་འགྲོ་བར་ཚོད་དཔག་བྱེད་མཁན་དེའི་གྲས་ཀྱི་ལོག་བཤད་ལ་མ་རྨོངས་པར། ༸གོང་ས་མཆོག་ནི་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་ཅིག་ཡིན་པའི་དངོས་དོན་ངོ་མ་ངོས་འཛིན་ཞུས་ཏེ། བོད་རྒྱ་མི་རིགས་གཉིས་བསྐལ་བའི་བར་དུ་ཞི་བདེ་མཛའ་མཐུན་ངང་མཉམ་གནས་མཉམ་འཚོ་ཐུབ་པའི་ལོ་རྒྱུས་ཀྱི་གོ་སྐབས་ཆུད་ཟོས་སུ་མ་བཏང་བར། གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་འོག སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༸གོང་ས་མཆོག་རྒྱ་ནག་དང་བོད་ནང་གཟིགས་སྐོར་དུ་༸ཞབས་སོར་འཁོད་ཐབས་བསམ་ཞིབ་གང་མགྱོགས་ཡོང་བའི་འབོད་སྐུལ་ཞུ་གི་ཡོད་”ཅེས་གསུངས་སོང་། །

གསར་འགོད་པ་དཀོན་མཆོག་རབ་བརྟན།