༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཐོག་མ་དེ་བཞག་འདུག
ཟླ་འདིའི་ཚེས་༢༡ ཉིན་(ZEENEWS) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གར་ཧི་མ་ལ་ཡ་ན་ལེནྜ་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་ཐོག་གྲོས་ཆོད་ཅིག་བཞག་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༢༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་རྒྱ་གར་ཧི་མ་ལ་ཡ་ན་ལེནྜ་ནང་པའི་སྲོན་རྒྱུན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ཏུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་དོན་ཚན་གསུམ་ཅན་གྱི་གྲོས་ཆོད་ཐོག་མ་དེ་བཞག་ཡོད་འདུག
གྲོས་ཆོད་དེའི་ནང་དུ་གལ་སྲིད་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་ནས་༧གོང་ས་མཆོག་གི་ཡང་སྲིད་ཅིག་བསྐོ་བཞག་བྱས་པ་ཡིན་ན། ཧི་མ་ལ་ཡའི་མི་མང་ཚོས་དེ་ལ་ངོས་ལེན་དང་བརྩེ་བཀུར་ནམ་ཡང་བྱེད་རྒྱུ་མིན་པའི་སྐོར་དང་། སུ་ཞིག་གིས་ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་ནས་ཡང་སྲིད་བསྐོ་བཞག་བྱས་ཚེ་དེར་ཡོངས་གྲགས་ཀྱིས་སྐྱོན་བརྗོད་བྱེད་རྒྱུ་ཡིན་ཞེས་དང་། དེ་བཞིན་ཡང་སྲིད་ངོས་འཛིན་གྱི་གནད་དོན་དེའི་ཐོག་ལ་དབང་ཚད་ནི་དགའ་ལྡན་ཕོ་བྲང་ཁོ་ན་ལ་ཡོད་པ་ལས་དེ་མིན་གཞུང་དང་སྒེར་པ་སུ་ལ་ཡང་ཐེ་ཇུས་བྱེད་པའི་ཐོབ་ཐང་མེད་ཅེས་འཁོད་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་གར་ཧི་མ་ལ་ཡ་ན་ལེནྜ་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་གཙོ་ལོ་ཆེན་སྤྲུལ་སྐུ་ལ་(ZEENEWS) གསར་འགོད་པས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་བསྐོ་བཞག་བྱེད་འདོད་ཡོད་པའི་ཐོག་བཅར་འདྲི་བྱེད་པའི་ལན་དུ་ཁོང་གིས་༧གོང་ས་མཆོག་ནི་ཧི་མ་ལ་ཡའི་ས་ཁུལ་ཙམ་མ་ཡིན་པ་རྒྱལ་ཁབ་གཞན་དང་ནང་པ་ཚང་མའི་ཕུལ་བྱུང་གི་ཆོས་ཕྱོགས་དབུ་ཁྲིད་ཅིག་ཡིན་པས་རྒྱ་ནག་གཞུང་ཐོག་ལ་སེམས་ཁྲལ་བྱེད་དགོས་མ་རེད་ཅེས་བརྗོད་འདུག
གཞན་ཡང་། རྒྱ་གར་ཧི་མ་ལ་ཡ་ན་ལེནྜ་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་གཞོན་ བྱང་ཆུབ་ཆོས་ལྡན་རིན་པོ་ཆེ་ཡིས། ཧི་མ་ལ་ཡའི་ནང་པ་ཚོ་དང་༧གོང་ས་མཆོག་དང་ཁོང་གི་བླ་བྲང་བར་འབྲེལ་བ་དམ་ཟབ་ཡོད་པ་དང་། ཧི་མ་ལ་ཡའི་མི་མང་ཚོ་ལ་མཚོན་ན་༧གོང་ས་མཆོག་གི་བླ་བྲང་མུ་མཐུད་གནས་རྒྱུ་དེ་གལ་འགངས་ཧ་ཅང་ཆེན་མོ་རེད་ཅེས་བརྗོད་ཡོད་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་ཧི་མ་ལ་ཡ་ན་ལེནྜ་ནང་པའི་སྲོལ་རྒྱུན་ལྷན་ཚོགས་དེ་ནི་ཕྱི་ལོ་༢༠༡༨ གཙོ་བོ་རྒྱ་གར་གྱི་ཧི་མ་ལ་རིགས་རྒྱུད་ཀྱི་ནང་ཡོད་པའི་ནང་པའི་རིས་མེད་ཆོས་སྡེ་ཁག་གི་བཤད་སྒྲུབ་འཆད་ཉན་གོང་འཕེལ་གཏོང་ཐབས་གནང་བ་བརྒྱུད་དཔལ་ན་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་དེ་དག་བདག་གཅེས་རྒྱུད་འཛིན་བྱ་རྒྱུར་དམིགས་ཏེ་གསར་བཙུགས་བྱས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།