༧གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་རེད།
ཨ་རིའི་མཱ་ཡོ་སྨན་ཁང་གི་སྨན་པས་༧གོང་ས་མཆོག་སྨན་བཅོས་ཞུས་ཡོད་པ་དང། སེམས་ཁྲལ་བྱེད་དགོས་པའི་སྙུང་གཞི་གང་ཡང་མེད་སྐོར་གསུངས་འདུག
དེ་ཡང་ཨ་རིའི་མཱ་ཡོ་སྨན་ཁང་དུ། ༧གོང་ས་མཆོག་ལ་ལོ་དགུའི་རིང་སྨན་བཅོས་བརྟག་དཔྱད་ཞུ་བཞིན་ཡོད་པ་དང། ཐེངས་འདིར་ཟླ་འདིའི་ཚེས་༡༩ ཉིན་དྷ་ས་ནས་ཨ་རིར་སྨན་བཅོས་བརྟག་དཔྱད་ཆེད་དུ་ཕེབས་ཡོད་པ་རེད།
“སྨན་པ་ཚོས་ཁོང་ལ་སེམས་ཁྲལ་དགོས་པའི་སྙུང་གཞི་མེད་པ་དང། སྨན་བཅོས་བརྒྱུད་ཁོང་དྲག་བསྐྱེད་ཆ་ཚང་ཡོང་བར་ཡིད་ཆེས་བྱེད་ཀྱི་འདུག”ཅེས་མཱ་ཡོ་སྨན་ཁང་གི་མགྲིན་ཚབ་པས་གསུངས་འདུག་ལ། སྨན་པ་ཚོས་༧གོང་ས་མཆོག་དགུང་ལོ་༨༠ ཟིན་ཚོད་ཀྱིས་རྒྱུན་ལྡན་ལྟར་བདེ་ཐང་ཡིན་སྐོར་འགྲེལ་བརྗོད་གནང་འདུག
དེ་སྔོན་༧གོང་ས་མཆོག་ལ་རྒྱ་གར་གསར་འགོད་པ་ཞིག་གིས། ཀང་རཱ་གནམ་ཐང་དུ་བཀའ་འདྲི་ཐུང་ཐུང་ཞིག་ཞུས་བའི་བརྙན་ཐུང་དེ། སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱར་ཁྱབ་ཆེན་པོ་སོང་སྟེ། བོད་མི་རྣམས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་རེད།
ཟླ་འདིའི་ཚེས་༢༡ ཉིན་བཀའ་ཤག་གིས་མི་མང་ལ་བཀོད་ཁྱབ་ཡིག་ཆ་ཞིག་བཀྲམ་པའི་ནང། “བཀའ་ཤག་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༠ ཉིན་གྱི་སྔ་དྲོར་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་སྐུ་གསོལ་སྤྱན་འདྲེན་ཞུས་པའི་ལུང་ཞུ་གཙོ་བོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་སྐུ་གཟུགས་བརྟག་དཔྱད་དང་འཕྲོད་བཞེས་སྨན་བཅོས་སླད་ཕེབས་ཐོན་གནང་ཟིན་ཡོད་པར། རང་ཅག་བོད་མི་ཡོངས་ཀྱི་ངོས་ནས་དེའི་ཆེད་རྐྱེན་སེལ་རིམ་གྲོ་དང་སྐབས་འབྲེལ་སྤྱི་མཐུན་གྱི་བསོད་ནམས་གསོག་པའི་ཐབས་སྒོ་གང་དང་གང་ལ་འབད་འབུངས་ཞུས་ན་བཟང་སྐོར་ཞུས་པའི་བཀའ་ལུང་ཕྱིར་ཕེབས་ཀྱི་ཞབས་རིམ་ཁོངས། མཆོག་དམན་ཀུན་ནས་༸རྒྱལ་བའི་མཚན་སྔགས་འགྲོ་གང་ཆེ་དང། སྨན་བླའི་མདོ་ཆོག་དང་འབྲེལ་སྨན་གཟུངས་གང་མང་གྲངས་གསོག་གནང་དགོས་འདུག་”ཅེས་འཁོད་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།