༧གོང་ས་མཆོག་གི་སྐུ་ཕྱྭའི་ཆེད་བདེ་སྲུང་མི་མང་དུ་གཏོང་དགོས།
རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་ཉེན་རྟོག་རུ་ཁག་གིས་རྒྱ་གར་གཞུང་ལ་༧གོང་ས་མཆོག་གི་ཕོ་བྲང་ནང་བདེ་སྲུང་ཆེད་དུ། དངུལ་གྲོན་འཕར་མ་དང་བདེ་སྲུང་མི་སྣའི་གྲངས་འབོར་མང་དུ་གཏོང་དགོས་པའི་རེ་སྐུལ་བྱས་འདུག
དེ་ཡང་ཟླ་འདིའི་ཚེས་༣༠ ཉིན་རྒྱ་གར་གྱི་ཚགས་ཤོག་(Tribune) ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མངའ་སྡེའི་ཉེན་རྟོག་པས་མངའ་སྡེའི་ནང་སྲིད་ལས་ཁུངས་ལ་སྙན་ཐོ་ཞིག་སྤྲད་ཡོད་པ་དང། དེའི་ནང་དུ་༧སྐུའི་ཕོ་བྲང་གི་བདེ་སྲུང་ཆེད་དུ། ཕྱོགས་བཞི་ལ་བལྟ་ཐུབ་མཁན་ལྟ་སྲུང་བརྙན་ཆས་དང། བོད་པའི་བདེ་སྲུང་མི་སྣའི་ཐོག་རྒྱ་གར་བདེ་སྲུང་མི་སྣའི་གྲངས་ད་ཡོད་༥༠ ནས་༡༠༠ ལ་མང་དུ་གཏོང་དགོས་པ། དེ་བཞིན་བདེ་སྲུང་གི་ཚད་གཞི་མཐོ་རུ་གཏོང་བའི་ཡོ་ཆས་གཞན་ཡང་དགོས་པ་སོགས་ཀྱི་རེ་སྐུལ་སྙན་ཐོ་སྤྲད་ཡོད་འདུག
༧སྐུའི་ཕོ་བྲང་གི་བདེ་སྲུང་བརྟན་དུ་གཏོང་འཆར་དེ་ནི་རྒྱ་གར་གྱི་བདེ་སྲུང་ལྷན་ཁང་ཁག་གིས་ཞིབ་འཇུག་བྱས་པའི་རྗེས་སུ་བཏོན་པ་ཞིག་རེད་འདུག
ཕྱི་ལོ་༢༠༡༣ ལོའི་ཟླ་༧ པའི་ནང་གནས་མཆོག་རྡོ་རྗེ་གདན་དུ་འབར་གས་བྱུང་རྗེས། ༧སྐུའི་ཕོ་བྲང་གི་བདེ་སྲུང་དམ་དུ་བཏང་ཡོད་པ་དང། དེ་བཞིན་དེ་སྔོན་ཕོ་བྲང་གི་ཉེ་འཁོར་དུ་རྒྱ་ནག་གི་གསང་ཉུལ་བ་ཁ་ཤས་ཀྱི་ལག་ཏུ་གལ་ཆེའི་ཡིག་ཆ་དང་ས་ཁྲ་ཡོད་པ་འཛིན་བཟུང་ཐུབ་ཡོད་པའི་གནས་ཚུལ་སྤེལ་འདུག
མངའ་སྡེའི་ཉེན་རྟོག་པས་༧རྒྱལ་དབང་ཀརྨ་པའི་སྲུང་བྱའི་ཆེད་རྒྱ་གར་བདེ་སྲུང་མི་སྣ་ད་ཡོད་༢༠ ནས་མང་དུ་གཏོང་དགོས་པའི་རེ་སྐུལ་ཡང་བྱས་ཡོད་པའི་གནས་ཚུལ་ཡང་འདུག
དེང་སང་༧གོང་ས་མཆོག་ནུབ་ཕྱོགས་ལུང་པ་གང་དུ་ཕེབས་ཀྱང་དོལ་རྒྱལ་ངོ་རྒོལ་བ་སླེབས་ཀྱི་ཡོད་པས། ནུབ་ཕྱོགས་བདེ་སྲུང་ལྷན་ཁང་ཁག་གིས་ཁོང་གི་བདེ་འཇགས་ལ་ཉེན་ཁ་ཡོད་ཚུལ་བརྗོད་དེ། བདེ་སྲུང་གི་ཚད་གཞི་མཐོན་པོ་སྤྲད་ཀྱི་ཡོད་པ་རེད། དེའི་སྐོར་སྤྱི་འཐུས་གྲོས་ཚོགས་ནང་ལའང་བགྲོ་གླེང་ཤུགས་ཆེན་བྱུང་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།