༧གོང་ས་མཆོག་གིས་༢༠༢༤ ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ལ་འཚམས་འདྲི་གནང་། 

དགའ་ལྡན་ཕོ་བྲང་གི་སྐུ་པར། ཕྱི་ལོ་༢༠༡༠ ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ཞི་བདེའི་གཟེངས་རྟཌ་བཞེས་མཁན་རྣམས་ཀྱིས་ཉི་ཧོང་གི་ཧི་རོ་ཤི་མར་ཞི་བདེའི་དྲན་གསོ་གནང་བཞིན་པ།

ཕྱི་ལོ་༢༠༢༤ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཉི་ཧོང་ཧི་རོ་ཤི་མ་དང་ན་ག་ས་ཀིའི་རྡུལ་ཕྲན་དམག་འཁྲུག་ལས་ཐར་ཞིང་། རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱེད་པར་དགག་པ་གནང་མཁན་(Nihon Hidankyo)ནི་ཧོན་ཧི་དན་ཀྱོ་ཚོགས་པ་ལ་ཐོབ་ཡོད་པས། ཕྱི་ཟླ་༡༠ ཚེས་༡༢་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ཏེ་རུ་མི་ཏ་ན་ཀ་ (Terumi Tanaka) ལགས་དང་། ཤི་གེ་མི་ཚུ་ཏ་ན་ཀ་ (Shigemitsu Tanaka) ལགས། ཏོ་ཤི་ཡུ་ཀི་མི་མ་ཀི་ (Toshiyuki Mimaki) ལགས་གསུམ་ལ་འཚམས་འཕྲིན་གནང་འདུག་པ་དང་། 

འཚམས་འཕྲིན་དེའི་ནང་དུ། 

མགོན་པོ་གང་ཉིད་ཉི་ཧོང་དུ་གཟིགས་སྐོར་ཕེབས་སྐབས་ཁོང་རྣམས་ལས་འགའ་ཞིག་དང་མཇལ་འཕྲད་བྱུང་ཡོད་པ་དང་། ཁོང་རྣམས་ཀྱི་ལས་དོན་ལ་ཞེ་ནས་བསྔགས་བརྗོད་གནང་གི་ཡོད་པར་གསུངས་པ་དང་། དེ་བཞིན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་༢༠༢༤ལོའི་ཞི་བདེའི་གཟེངས་རྟགས་དེ་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་ལ་འབད་བརྩོན་གནང་ཞིང་། བདེན་དཔང་བརྒྱུད་ནས་རྡུལ་ཕྲན་མཚོན་ཆ་སླར་ཡང་བེད་སྤྱོད་བྱ་མི་རུང་བ་ར་སྤྲོད་དང་། ཉི་ཧོང་གི་རྡུལ་ཕྲན་མཚོན་ཆའི་འོག་ནས་ཐར་མཁན་རྣམས་ཀྱི་མཐུན་ཚོགས་ལ་གནང་རྒྱུའི་ཐག་གཅོད་བྱས་པར་མགོན་པོ་གང་གིས་བསྔགས་བརྗོད་གནང་ཞིང་། 

༧གོང་ས་མཆོག་ཧི་རོ་ཤི་མ་དང་ན་ག་ས་ཀི་གཉིས་ཀར་གཟིགས་སྐོར་ཕེབས་མྱོང་བས། ཁོང་གིས་དམིགས་བསལ་གྱིས་རྡུལ་ཕྲན་མཚོན་ཆའི་གནོད་འཚེ་ལས་ཐར་མཁན་རྣམས་ཀྱིས་གཙོས་གནོད་འཚེ་ཕོག་མཁན་ཚོས་མྱངས་པའི་སྡུག་བསྔལ་ཚོར་ཐུབ་ཀྱི་ཡོད་པ་དང་། རྡུལ་ཕྲན་མཚོན་ཆའི་འབར་གས་ཀྱི་འཇིགས་སྣང་མྱངས་ནས་འཚོ་གནས་ཐུབ་པ་རྣམས། ཚོགས་པ་འདི་གསར་འཛུགས་བྱེད་མཁན་ཡིན་དུས། ཚོགས་པ་འདིས་ཉེན་ཚབས་ཆེ་བའི་གོ་མཚོན་འདི་དག་མེད་པ་བཟོ་དགོས་པའི་དགོས་མཁོ་དེ་ཤུགས་ཆེན་པོས་མཚོན་ཐུབ་ཅེས་དང་། 

མགོན་པོ་གང་ཉིད་ལ་མཚོན་ན་འཛམ་གླིང་ཡོངས་ཀྱི་རྡུལ་ཕྲན་མཚོན་ཆ་དང་། དམག་གི་ནུས་པ་མེད་པར་བཟོ་བའི་ལས་འགུལ་སྤེལ་མཁན་ཞིག་ཡིན་པའི་ཆ་ནས། གཟེངས་རྟགས་འདིས་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་ཚོགས་མི་རྒྱལ་ཁབ་ཚོ་ཡང་ཚུད་པའི་ཐོག་ནས་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་མེད་པར་བཟོ་རྒྱུར་དངོས་གནས་མཉམ་རུབ་བྱ་རྒྱུ་དང་། དེའི་སླད་དུ་ང་ཚོ་རང་ཉིད་ཀྱིས་བསམ་བློ་གཏོང་རྒྱུར་སྐུལ་མ་ཐེབས་ངེས་ཡིན་པ་ངེས་བརྟན་གྱི་སྒོ་ནས་ཡིད་ཆེས་ཡོད་པར་གསུངས་འདུག 

དེ་བཞིན་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་ད་ལྟའི་འཛམ་གླིང་འདིའི་ནང་དཀའ་ངལ་མང་པོ་ཞིག་བཟོས་ཡོད་པ་དང་། ང་ཚོ་ཚང་མར་བདེ་སྐྱིད་འདོད་པ་ལས་སྡུག་བསྔལ་མི་དགོས་པ་ལྟར། ང་ཚོས་ཁོང་ཁྲོ་དང་ཞེ་སྡང་ལྟ་བུར་མངོན་གསལ་དོད་པའི་མ་རུངས་པའི་སེམས་ཚོར་རྣམས་ལས་རྒྱལ་བར་བྱེད་དགོས་ལ། འགྲོ་བ་མིའི་རིགས་གཅིག་གྱུར་གྱི་རང་བཞིན་ངོས་འཛིན་བྱེད་དགོས། ང་ཚོས་སྨོན་ལམ་ཙམ་གྱིས་ཞི་བདེ་འགྲུབ་མི་ཐུབ་པ་ཤེས་རྟོགས་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་དང་། ངེས་པར་དུ་ལག་ལེན་བསྟར་དགོས་པར་བཀའ་བསྩལ་འདུག 

གསར་འགོད་པ། བསྟན་འཛིན་ལམ་བཟང་།