༧གོང་ས་མཆོག་གིས་ཁོང་ལོ་༡༠༠ ལ་སྡོད་རྒྱུ་ཕལ་ཆེར་ཐག་ཆོད་པས་བློ་བདེ་པོ་གྱིས་ཞེས་བཀའ་སློབ་གནང་།
ཟླ་འདིའི་ཚེས་༡༤ ཉིན་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་མཇུག་བསྒྲིལ་པ་དང་༸གོང་ས་མཆོག་ལ་བོད་གཞུང་མང་གཉིས་དང་། རྒྱལ་སྤྱིའི་བོད་རིགས་ཚོང་པའི་ལྷན་ཚོགས། བལ་ཡུལ་ཧི་མཱ་ལཱ་ཡའི་རི་རྒྱུད་ཚོགས་སྐྱིད་བཅས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་ཕུལ་ཡོད་པ་རེད།
ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེས་མནྜལ་ཚོམ་བུ་འབུལ་བཞེས་དང་། སྲིད་སྐྱོང་བློ་བཟང་སེང་གེ་དང་། སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་གཉིས་ཀྱིས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད།
སྐབས་དེར་༸གོང་ས་མཆོག་གིས་བརྟན་བཞུགས་དང་འབྲེལ་བའི་བཀའ་སློབ་གནང་སྐབས། “ངོས་ཀྱིས་ནམ་རྒྱུན། ཇི་སྲིད་ནམ་མཁའ་གནས་པ་དང༌། འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་གྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག་ཅེས་སྨོན་ལམ་རྒྱག་བཞིན་ཡོད། ད་ལྟ་ང་རང་ལོ་༨༡ ལ་སླེབས་ཡོད། གང་ལྟར་མཐོང་ཆོས་སུ་མི་ལ་ཕྲན་བུ་ཕན་ཐོགས་ཡོད་པའི་བཟོ་འདྲ་འདུག ང་རང་ཚོ་བོད་གངས་ཅན་གྱི་ལྗོངས་ལ་ཁྱེད་རང་ཚོས་དད་པ་དམ་ཚིག་གཡོ་བ་མེད་པ་བྱས་ནས་བསྡད་ཡོད། ངའི་ངོས་ནས་ཁྱེད་རང་ཚོ་ཚེ་རབས་ནས་ལས་དང་སྨོན་ལམ་གྱི་འབྲེལ་ཡོད་སྟབས་སྨོན་ལམ་བརྒྱབ་ཀྱི་ཡིན་”ཞེས་གསུངས་སོང་།
༧གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་གནང་དོན། “ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པར་བརྟེན་ཕན་ཐོགས་ཡོད་ས་དེར་ཚེ་ཚད་ག་ཚོད་ཀྱི་རིང་བ་གནས་ཀྱང་ཕན་ཐོགས་ཡོང་གི་རེད། ༸རྒྱལ་དབང་དགེ་འདུན་གྲུབ་པའི་རྣམ་ཐར་ནང་། གནས་གང་དུ་སེམས་ཅན་སྐྱབས་མེད་མགོན་མེད་ཉམ་ཐག་པ་གང་དུ་ཡོད་པ་དེར་སྐྱེས་ན་བསམ་གྱི་འདུག་ཅེས་པའི་ཚིག་དེ་མཐོང་སྐབས་ངོས་རང་ཧ་ཅང་སེམས་ཤུགས་སྐྱེས་བྱུང་། དེར་བརྟེན་སྐྱེ་བ་ལེན་དགོས་སྟབས་སྐྱེ་བ་ལེན་ས་དེ་ཕན་ཐོགས་ཡོད་ས་ཞིག་ལ་སྐྱེས་དགོས་པ་དང་། སྐྱེས་ནས་འཚོ་བ་དང་འཚོ་ནས་རིང་དུ་གནས་པ་བྱུང་ན་ཁ་ཡོད་ལག་ཡོད་ཕན་གྱི་ཡོད། བསྟན་པའི་ཞབས་འདེགས་གང་ཙམ་སྒྲུབ་ཀྱི་ཡོད་པ་དང་ཆབས་ཅིག་མི་ལའང་ཕན་གྱི་ཡོད། ངོས་རང་ལོ་བརྒྱ་སྐོར་ཞིག་ཕལ་ཆེར་སྡོད་ཐུབ་པ་ཞིག་སྔོན་མའི་རྨི་ལམ་དང་ཕྱིས་སུ་ལུང་བསྟན་ཁ་ཤས་མཐོང་བྱུང་། དེ་ཚོའི་ནང་ལོ་༡༡༣ ཡོད་ཀྱང་དེ་ཙམ་འཚོ་ཐུབ་མིན་བཤད་ཐུབ་མ་སོང་། འོན་ཀྱང་ལོ་བརྒྱ་སྡོད་རྒྱུ་ཕལ་ཆེར་ཐག་ཆོད་རེད། ཁྱེད་རང་ཚོ་བློ་བདེ་པོ་གྱིས་”ཞེས་བཀའ་སློབ་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་རྡོར་གདན་ནས།