༧གོང་ས་མཆོག་གིས་ངོས་རང་དྷ་སར་ངལ་གསོ་ཡག་པོ་ཞིག་རྒྱག་རྒྱུ་ཡིན་ཞེས་གསུངས། 

ཟླ་འདིའི་ཚེས་༡༤ ཉིན་༸གོང་ས་མཆོག་ལྡི་ལི་ནས་གནམ་ཐང་བརྒྱུད་བཞུགས་སྒར་དྷ་སར་༸ཞབས་སོར་འཁོད་སྐབས། བོད་ཀྱི་མཛད་གཙོ་རྣམ་པ་དང་མི་མང་གིས་ཕེབས་བསུ་ཞུས་ཡོད་པ་རེད།

ལྡི་ལི་ནས་མཁའ་ལམ་བརྒྱུད་དྷ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་བོད་མིའིསྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ། བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་སོགས་ཕེབས་བསུར་བཅར་ཡོད་པ་རེད།

སྐབས་དེར་གོང་ས་མཆོག་གིས། གསར་འགོད་པ་རྣམས་ལ། “ད་ཐེངས་ཐོག་མར་ལ་དྭགས་ལ་ཕྱིན། ལ་དྭགས་ནི་ས་མཐོ་བོ་ཡིན་སྟབས་ཡུན་རིང་པོ་བསྡད་པ་ཡིན། ལྡུམ་ར་དང་། ཟངས་དཀར། ཀར་གྷིལ་དུ་ཕྱིན་པ་དེ་ཏོག་ཙམ་མང་དྲགས་འདུག  ངོས་རང་ད་ཆ་ལོ་ན་༨༣ ལ་བསླེབས་པར་བརྟེན་ལུས་པོས་ཏོག་ཙམ་ཚོད་བཟུང་ཟེར་གྱི་འདུག སྤྱིར་ཡག་ཐག་ཆོད་བྱུང་། ངོས་ཀྱིས་རྒྱུན་དུ་བསྟན་པ་དང་འགྲོ་བར་ཕན་ཐོགས་བྱུང་ན། ཞེས་སྨོན་ལམ་རྒྱག་བཞིན་པ་ལྟར་ཕན་ཐོགས་གང་ཙམ་བྱུང་སོང་།   རླུང་འཕྲིན་འདི་བརྒྱུད་ནས་བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་བློ་བདེ་པོ་བྱས་ནས་སྡོད་རོགས།  ངོས་རང་ད་ཆ་དྷ་སར་འབྱོར་ནས་ངལ་གསོ་ཡག་པོ་ཞིག་རྒྱག་རྒྱུ་ཡིན་”ཞེས་གསུངས་ཡོད་པ་རེད།

དེ་ནས་གསར་འགོད་པ་ཞིག་གིས་༸གོང་ས་མཆོག་ས་གནས་གང་སར་ཡུན་རིང་པོ་དེ་འདྲ་ཇི་ལྟར་ཆིབས་སྒྱུར་མཛད་ཐུབ་མིན་བཀའ་འདྲི་ཞུས་པར། མགོན་པོ་གང་ཉིད་མཆོག་གིས་དེ་འདྲ་ཡོང་ཐུབ་པ་ནི་གཙོ་བོ་སེམས་ནང་ཞི་བདེ་ཡོད་པར་བརྟེན་ནས་ཁྱད་པར་ཧ་ཅང་ཡོད་སྐོར་བཀའ་ལན་བསྩལ།།

གསར་འགོད་ཆོས་ཉིད་འོད་ཟེར།