༧གོང་ས་མཆོག་གིས་ཉིན་གསུམ་གྱི་གསུང་ཆོས་དབུ་འཛུགས་མཛད་པ།

༧གོང་ས་མཆོག་གིས་“ཆོས་ཞེས་པ་ནི་སེམས་ནང་ཡོད་སྟབས། དགོན་པ་དང་ལྷ་ཁང་སོགས་ཇི་ཙམ་གཏོར་བཤིག་བཏང་བ་ཡིན་ནའང་ནང་སེམས་ཀྱི་དད་པ་མེད་པ་བཟོ་མི་ཐུབ་”ཅེས་བཀའ་སློབ་བསྩལ་སོང་། 

ཟླ་འདིའི་ཚེས་༥ ཉིན་ཞོགས་པར་༧གོང་ས་མཆོག་གིས་རཱ་ཤི་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་གསོལ་བ་བཏབ་པ་ལྟར་དྷ་སའི་བཞུགས་སྒར་ཕོ་བྲང་ནས་དྲ་ཐོག་བརྒྱུད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་མཛད་སོང་། 

གསུང་ཆོས་ཀྱི་སྔོན་འགྲོའི་བཀའ་སློབ་ནང་། ཁོང་གིས་ནང་པ་སངས་རྒྱས་པའི་ཆོས་ཇི་ལྟར་རྒྱ་གར་ནས་བོད་དང་། དེ་ནས་བོད་ནས་སོག་པོར་དར་བ་དང་། བོད་སོག་གཉིས་ཀྱི་དམིགས་བསལ་འབྲེལ་ལམ་སྐོར་ལ་གསུང་དོན། ཨུ་རུ་སུའི་ཆོས་གྲོགས་རྣམས་ལ་དེ་རིང་བརྙན་འཕྲིན་བརྒྱུད་ཐུག་རྒྱུ་བྱུང་བར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཨུ་རུ་སུའུ་མངའ་སྡེ་ཀལ་མིག་དང་། བྷུ་རི་ཡཏ། ཐུ་ཝ་བཅས་ནི་མི་རབས་མང་པོ་སྔོན་ནས་འབྲེལ་བ་ཆེན་པོ་ཡོད། ཕྱི་ལོ་༡༩༥༩ ལོར་ཟིང་འཁྲུག་ལངས་པའི་སྐབས་ངོས་རང་གྲྭ་སྐོར་དམ་བཅའ་བཞག་པ་རེད།  སྐབས་དེར་ངོས་ཀྱིས་རྟགས་གསལ་གཏོང་བའི་ནང་ཀལ་མིག་དང་བྷུ་རི་ཡཏ། ཐུ་སྦ་བཅས་ནས་ཡིན་པའི་དགེ་བཤེས་མང་པོ་ཡོད། གདན་སའི་མཁན་པོ་ནང་ལ་ཆ་བཞག་ནའང་སྒོ་མང་མཁན་པོ་ངག་དབང་ལེགས་ལྡན་ལགས་བྷུ་རི་ཡཏ་ནས་ཡིན་པ་དང་། སོག་པོ་ཐུབ་བསྟན་ཉི་མ་ལགས་ཀྱང་ཕལ་ཆེར་བྷུ་རི་ཡཏ་ནས་ཡིན་པ་ཡོད། དེ་ནས་དགེ་བཤེས་ཡང་དག་ཅེས་པ་ཞིག་ཡོད། ཁོང་ནི་ཐུ་ཝ་ནས་རེད། ཨུ་རུ་སུའི་སྐད་ཡག་པོ་ཡོད། དེ་དང་དེས་མཚོན་པའི་གང་ལྟར་ངོས་ཀྱི་མི་ཐོག་ལ་ཆ་བཞག་ན་སོག་པོའི་གྲྭ་རྒྱུན་མང་པོ་ཞིག་བོད་ནང་སློབ་སྦྱོང་བྱས་ཏེ་དགེ་བཤེས་ཨང་དང་པོ་ཆགས་པ་གང་ཙམ་ཡོད། ད་ལྟ་ང་ཚོས་སོག་པོ་ཟེར་དུས་སོག་པོ་སྤྱི་ཡོངས་ལ་ཤོད་ཀྱི་ཡོད། ཨུ་རུ་སུའི་ཁུངས་སུ་ཡོད་པ་རྣམས་སོག་རིགས་གཅིག་གྱུར་ཤོད་ཀྱི་ཡོད། དེའི་ནང་དུ་ནང་སོག་ཚུད་ཀྱི་ཡོད། དཔེར་ན། ངོས་ཀྱི་མཚན་ཞབས་ནང་ནས་དགེ་རྒན་ལྟ་བུ་རེད། རྒན་དངོས་གྲུབ་ཚོགས་ཉིད་ལ་ཆ་བཞག་ན་སོག་པོ་ནང་སོག་ནས་རེད། མཁས་པའི་དབང་པོ་རེད། ངོས་ལ་སྟོང་ཉིད་སྐོར་ཐོག་མར་ངོ་སྤྲོད་དང་འགྲེལ་བཤད་རྒྱག་མཁན་ཁོང་རེད། བོད་དང་སོག་རིགས་དབར་མི་རབས་མང་པོ་ཞིག་ནས་འབྲེལ་བ་ཡོད། བར་སྐབས་ཤིག་ལ་སོག་པོའི་་ནང་གསར་བརྗེ་ལངས་ཏེ་ནང་པའི་ཆོས་ལ་དམ་དྲག་ཤུགས་ཆེ་བྱས་པ་རེད། བོད་ནང་དུའང་ཕྱི་ལ་ོ ༡༩༥༠ ལོའི་རྗེས་ནས་རྒྱ་ནག་གུང་ཁྲན་ཏང་གིས་ནང་ཆོས་ཐོག་དམ་དྲག་བྱས་པ་རེད། མཁས་པའི་དབང་པོ་མང་པོ་ཞིག་ཁྲིམས་ལ་གཏུགས་ནས་དམར་གསོད་བཏང་ཡོད། དཔེར་ན། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡོངས་འཛིན་ལ་དགེ་ཕྲུག་མང་པོ་ཡོད་པར་ཁྲིམས་འགལ་གྱི་ཐོག་ནས་དམ་དྲག་བྱས་ཏེ་མཐར་སྲོག་ཐོག་བཏང་ཡོད། སྲོག་ཐོག་བཏང་བའི་སྐབས་སྲོག་ཐོག་གཏོང་སའི་ས་ཆར་སླེབས་ནས་ཁོང་གིས་སྨོན་ལམ་བརྒྱབ་བཅུག་རྒྱུའི་འབོད་སྐུལ་ཞུས་ཡོད། དེ་ནས་བླ་མ་མཆོད་པའི་ཚིགས། དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན། །མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན། །མ་ལུས་ད་ལྟ་བདག་ལ་སྨིན་པ་དང༌། །བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས། །འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། །ཞེས་བཏོན་ནས་ད་སོད་ཤོག་ཅེས་གསུངས་ཡོད་ཅེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་གནང་དོན། བོད་ལ་ཆ་བཞག་ན། མཁས་པའི་དབང་པོ་དང་ཉམས་ལེན་པ་མང་པོ་སྲོག་ཐོག་བཏང་ཡོད། དེ་སྔ་སོག་ཡུལ་དུ་གསར་བརྗེ་ལངས་པའི་སྐབས་གང་བྱུང་བ་རྣམས་རིམ་པས་བོད་ནང་དུའང་དེ་དེ་བཞིན་བྱུང་ཡོད། སྤྱིར་ཆོས་ཀྱི་དད་པ་ཞེས་པ་ནི་དྲག་རྩུབ་ཀྱི་ཐོག་ནས་མེད་པ་བཟོ་མི་ཐུབ། རྒྱུ་མཚན་ནི། ཚོར་བ་ཡོད་མཁན་ཞིག་གིས་འབུ་སྲིན་བྱ་རི་དྭགས་དུད་འགྲོ་བཅས་པ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རང་གི་ངང་ནས་ཡོད་སྟབས། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཚང་མར་དགོས་ཀྱི་ཡོད། འགྲོ་བ་མི་ལ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་ཐོག་མི་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱི་བསམ་བློ་གཏང་རྒྱུ་ཡོད། དུད་འགྲོ་དང་མི་འདྲ་བ་འགྲོ་བ་མི་ལ་བསམ་བློ་གཏང་རྒྱུའི་ནུས་པ་ཡོད་པའི་ཐོག་ནས་སྡུག་བསྔལ་ཉུང་དུ་གཏང་རྒྱུ་དང་བདེ་བ་མང་དུ་བཏང་བར་བསམ་བློ་བསྒྱུར་བཅོས་ཀྱིས་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་རྒྱུའི་ཐབས་ལམ་ཡོད། དེར་བརྟེན་མིའི་སྤྱོ་ཚོགས་ནང་ཆོས་ཞེས་པ་དར་ཡོད། ཡི་ཤུ་དང་ཁ་ཆེའི་ཆོས་པ་རྣམས་ཀྱིས་དཀོན་མཆོག་ལ་ཡར་གསོལ་བ་བཏབ་པ་དང་། དཀོན་མཆོག་ནི་འཇིག་བརྟེན་བཀོད་པ་པོར་འདོད་ཀྱི་ཡོད། ང་ཚོ་ཚང་མ་འཇིག་བརྟེན་བཀོད་པ་པོས་བཀོད་པར་བརྟེན་འཇིག་བརྟེན་བཀོད་པ་པོ་དཀོན་མཆོག་མཁྱེན་ཞེས་པའི་ཐོག་ནས་སེམས་ཀྱི་སྡུག་བསྔལ་ཉུང་དུ་གཏོང་རྒྱུ་དང་སེམས་ནང་ཞི་བདེ་ཡོང་བར་འབད་བརྩོན་བྱེད་ཀྱི་ཡོད། ནང་པ་སངས་རྒྱས་པའི་ཆོས་ནི་རྒྱ་གར་ནས་བྱུང་བ་རེད། དེར་བསྟན་པ་སྔ་དར་དང་ཕྱི་དར་ཞེས་རྗོད་ཀྱི་ཡོད། བསྟན་པ་སྔ་དར་དེ་བཞིན་པཱ་ལི་དང་། ཕྱི་དར་དཔལ་ནཱ་ལེནྡྲ་ནི་སློབ་སྦྱོང་བྱ་ཡུལ་དང་ནང་ཆོས་ལ་དོ་སྣང་བྱས་ནས་ནང་ཆོས་ངོ་སྤྲོད་བྱེད་པའི་སྐབས་རིགས་ལམ་གྱི་ཐོག་ནས་བཤད་ཡོང་དུས་ལྟ་གྲུབ་དེ་རང་བཞིན་གྱི་འཐོན་ཡོང་གི་ཡོད། ཕྱི་དར་གྱི་སྲོལ་ལྟ་བུ་བརྗོད་ཆོག བོད་དང་སོག་པོ་ལ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཆགས་ཀྱི་ཡོད། ནཱ་ལེནྡྲའི་ཆོས་བརྒྱུད་འདི་བཞིན་རིག་པའི་ཐོག་ནས་བསམ་བློ་གཏོང་རྒྱུ་དང་དཔྱད་པ་བྱེད་དགོས། མདོར་ན་སངས་རྒྱས་ཀྱི་བཀའ་ཡིན་ནའང་རིག་པའི་དཔྱད་ཡོང་དུས་ཏོག་ཙམ་མ་བདེ་བའི་རིགས་རྣམས་དགག་པ་རྒྱག་གི་ཡོད། སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་བཅོམ་ལྡན་འདས་རང་ཉིད་ཀྱིས། ངའི་རྗེས་འབྲང་ཚོས་ང་ལ་དད་པ་བྱས་ནས་ངའི་ཆོས་ལ་ཉམས་སུ་ལེན་མི་དགོས། ངས་བསྟན་པ་འདི་ལ་ཁྱེད་རང་ཚོས་ཞིབ་འཇུག་དང་བརྟག་དཔྱད་བྱས་ནས་རྒྱུ་མཚན་ལྡན་པ་ཞིག་མཐོང་བའི་སྐབས་སུ་ཉམས་ལེན་བྱོས། དད་པ་ཁོ་ནའི་ཐོག་ནས་ཆོས་ཉམས་ལེན་བྱེད་མི་དགོས། ཞེས་བཅོམ་ལྡན་ལྡན་རང་ཀྱིས་འདི་ལྟར་གསུངས་འདུག ཕྱིས་སུ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་སངས་རྒྱས་ཀྱི་བཀའ་ལ་དྲང་ངེས་གཉིས་ཕྱེ་ཡོད། དགྲ་ཇི་བཞིན་པར་ཁས་བླངས་སུ་རུང་བ་དང་དགྲ་ཇི་བཞིན་པར་ཁས་བླངས་སུ་མི་རུང་བ་བཅས་ཤོད་ཀྱི་ཡོད། ང་ཚོས་ཡོངས་གྲགས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་ཁོང་གི་རྗེས་འབྲང་བ་མཚོན་ན་དབུ་མ་རིག་མཛོད་ལ་ལྟོས་དང་། གང་ལྟར་དབུ་མ་རིག་མཛོད་ནང་ལུང་ཕྲན་བུ་དྲངས་པ་མ་གཏོགས་གཞན་ཆ་ཚང་རིགས་པ་ཁོ་ནའི་དཔྱད་ཞིབ་ཐོག་གསུང་གི་ཡོད།  བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཆགས་ཡོད། ཧོར་གྱི་ཡུལ་ཁག་ལ་མཚོན་ན་སངས་རྒྱས་བཅོམ་ལྡན་འདས་རང་གིས་ངའི་བསྟན་པ་འདི་བྱང་ནས་བྱང་དུ་དར་གྱི་རེད་ཅེས་གསུངས་ཡོད། དེར་བརྟེན་རྒྱ་གར་ནས་རྩིས་པའི་བོད་བྱང་དང་དེའི་བྱང་སོག་པོ་ཡིན། དེ་དངོས་ཡོད་གནས་ཚུལ་རེད། མཁས་ཆེན་ཞི་བ་འཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ། ནཱ་ལེནྡྲའི་ཕྱག་སྲོལ་ནང་བཞིན་བོད་ལ་དར། མཁས་ཆེན་ཞི་བ་འཚོས་ཚད་མའི་གཞུང་དང་ཚད་ཆེན་གཞུང་མཛད་ཡོད། གཞན་ཡང་ལྟ་གྲུབ་སྐོར་ལ་དབུ་མ་རྒྱན་མཛད་ཡོད། རིམ་པས་སོག་ཡུལ་དུ་ནང་ཆོས་སླེབས་པ་རེད། དང་པོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་སོག་ཡུལ་དུ་ཏོག་ཙམ་ཕེབས་ཡོད། དེ་རྗེས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་༸རྒྱལ་དབང་སྐུ་ཕྲེང་གསུམ་པ་ཧོར་གྱི་ཡུལ་ཁག་ཏུ་ཕེབས་ཏེ་སོག་པོའི་ཡུལ་ཁག་རྣམས་༸རྒྱལ་དབང་བསོད་ནམས་རྒྱ་མཚོ་མཆོག་གི་སློབ་མ་ཆགས་ཡོད། སྤྱིར་ནཱ་ལེནྡྲའི་ཆོས་བརྒྱུད་དང་། ཡང་སྒོས་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་ཤུགས་ཆེན་པོ་དར་རྒྱུ་༸རྒྱལ་དབང་བསོད་ནམས་རྒྱ་མཚོ་མཆོག་གི་དུས་ནས་བྱུང་བ་རེད། ཏཱ་ལའི་བླ་མ་ཞེས་པའི་དོན་ནི་རྒྱ་མཚོའི་བླ་མ་ཞེས་པ་ཡིན། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་མཚན་ལ་རྒྱ་མཚོ་ཞེས་ཡོད། མཚན་དེ་ཡང་སོག་སྐད་རེད། བོད་སོག་གཉིས་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་བྱུང་ཡོད། ངོས་རང་སོག་ཡུལ་དུ་ཐེངས་དང་པོ་སླེབ་པའི་སྐབས་སོག་པོ་དགའ་ལྡན་དགོན་པའི་ནང་ཁྲིའི་སྟེང་བསྡད་དེ་སོག་པོ་ཚོས་ངོས་ལ་སྐད་ཤུགས་ཆེན་པོའི་ངང་ནས་མཎྜལ་འབུལ་སྐབས་ཁོང་ཚོས་མིག་ཆུ་བཏང་སོང་། ངོས་ཀྱང་སེམས་ཧ་ཅང་སྐྱོ་བྱུང་། སྔ་མོ་ནང་ཆོས་ཧ་ཅང་དར་བ་རེད་དེ་བར་སྐབས་ཉམས་པ་རེད། ཆོས་ཞེས་པ་ནི་སེམས་ནང་ཡོད་སྟབས་དགོན་པ་དང་ལྷ་ཁང་སོགས་ཇི་ཙམ་གཏོག་བཤིག་གཏང་ཡིན་ནའང་ནང་སེམས་ཀྱི་དད་པ་མེད་པ་བཟོ་མི་ཐུབ། སོག་པོའི་བླ་མ་རྒན་པ་རྣམས་ཀྱིས་ངོས་ལ་ཧ་ཅང་དགའ་མོས་བྱེད་ཀྱི་འདུག ངོས་རང་མིག་ཆུ་ཤོར་སོང་། ཆོས་ཞེས་པ་ནི་སེམས་ནང་ནས་ཡོང་གི་ཡོད་སྟབས། ཨུ་རུ་སུའི་གསར་བརྗེ་དང་རྒྱ་ནག་གི་གསར་བརྗེ་ཡིས་གདུག་རྩུབ་བརྒྱུད་དམ་དྲག་ཤུགས་ཆེ་བྱས་ཡོད་ཀྱང་ཆོས་ཀྱི་དད་པ་མེད་པ་བཟོ་མི་ཐུབ། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།