༧གོང་ས་མཆོག་གིས་དཔལ་ལྡན་ལྷ་མོའི་ལུང་བསྟན་བཞིན་དགུང་ལོ་བརྒྱ་དང་བཅུ་གྲངས་བཞུགས་རྒྱུའི་ཞལ་བཞེས་གནང་།
ཟླ་འདིའི་ཚེས་༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་། སྐུ་སྲུང་ཟུར་པའི་མཐུན་ཚོགས་བཅས་ཀྱིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
སྐབས་དེར་༧གོང་ས་མཆོག་གིས་ཁོང་གི་གཟིམ་ལམ་དུ་ལོ་ངོ་བརྒྱ་དང་བཅུ་གྲངས་རིང་བཞུགས་རྒྱུའི་རྟགས་མཚན་ཧ་ཅང་གསལ་བ་དང་དཔལ་ལྡན་ལྷ་མོ་མགོན་པོ་གང་ཉིད་ཀྱི་མཇིང་པའི་སྒང་དུ་བཞུགས་ཏེ། ལོ་བརྒྱ་དང་བཅུ་གྲངས་ཤིག་བཞུགས་ཀྱི་རེད་ཅེས་གསུངས་པའི་སྐོར་བཀའ་བསྩལ་སོང་།
ལྷག་པར་དུ་རིགས་པའི་རྒྱུ་མཚན་བཀོད་ན་ཡང་ད་ལྟའི་ཆར་ང་ཚོ་བོད་པ་དཀའ་ངལ་ཆེན་པོ་ཞིག་གི་སྒང་ལ་བསྡད་ཡོད་པ་དང་། བོད་པའི་སྤྱི་མཐུན་གྱི་ལས་དང་སྨོན་ལམ་གྱི་སྟོབས་ཀྱིས་མདོ་སྨད་ནས་སྐྱེས་པ་དང་བོད་པ་མང་པོས་དགའ་བོ་བྱེད་ས་ཆགས་ཡོད་པ། ལུང་རྟོགས་ཀྱི་བསྟན་པ་ལ་ཡིན་ནའང་ཞབས་འདེགས་གང་ལ་གང་འཚམ་སྒྲུབ་ཐུབ་མཁན་ཞིག་ཆགས་པར་བརྟེན། ལྷ་མོའི་ལུང་བསྟན་དེ་རྒྱུ་མཚན་ལྡན་པ་ལྟ་བུ་ཡོད་པའི་སྐོར་དང་། ༧གོང་ས་མཆོག་ཉིད་ལས་དང་སྨོན་ལམ་གྱིས་སྐྱེས་པས་ལྷ་མོའི་ལུང་བསྟན་ནང་བཞིན་ལོ་བརྒྱ་དང་བཅུ་གྲངས་ཤིག་བཞུགས་རྒྱུའི་ཞལ་བཞེས་དང་འབྲེལ་ཚང་མ་བློ་བདེ་བར་བཞུགས་ཞེས་གསུངས།
དེ་བཞིན་༧གོང་ས་མཆོག་གིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ། དཔལ་ལྡན་ལྷ་མོ་དགྱེས་པའི་མཆོད་པ་དང་སངས་རྒྱས་བཅོམ་ལྡན་འདས་དགྱེས་པའི་མཆོད་པ་ཡག་ཤོས་དེ་ཡང་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་སྒོམ་རྒྱུ་དེ་གཙོ་བོ་ཡིན་པ་དང་། རྒྱ་ནག་དང་འཛམ་གླིང་ཤར་ནུབ། ལྷོ་བྱང་བཅས་སུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པར་བརྟེན། ག་ཚོད་ཐུབ་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་དགོས་པ་མ་ཟད། བྱང་ཆུབ་ཀྱི་སེམས་ཀྱིས་སྒེར་གྱི་ཚོགས་གསོག་པ་དང་བོད་སྤྱི་པའི་དོན་དུ་ཡང་ཕན་གྱི་ཡོད་པ། ཚེ་འདི་ཕྱིའི་དོན་དག་སྒྲུབ་པའི་ཆོས་གལ་ཆེ་ཤོས་ཀྱང་ཆགས་ཡོད་པར་བརྟེན། ཚང་མས་ཧུར་ཐག་གིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དགོངས་པ་བཞེས་དགོས་པའི་བཀའ་སློབ་གནང་སོང་ལ། མགོན་པོ་གང་ཉིད་ཀྱིས་ཀྱང་ཉིན་རེ་བཞིན་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་གི་ཡོད་སོགས་བཀའ་སློབ་བཀའ་དྲིན་བསྩལ་སོང་།
ཐེངས་འདིའི་བརྟན་བཞུགས་སྐབས་སུ་འཛམ་གླིང་ས་གནས་གང་ས་ནས་ཕེབས་པའི་གཞུང་ཞབས་ཟུར་པ་༣༠༠ ལྷག་དང་སྐུ་སྲུང་ཟུང་པ་༢༨༤ ། དེ་བཞིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་དང་ལས་ཟུར་༥༣༠ ་ཙམ་གཙོས་པའི་སེར་སྐྱ་མི་མང་བརྒྱ་ཕྲག་མང་པོ་ཕེབས་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།