༧གོང་ས་མཆོག་གིས་དུས་དབང་ཞུས་ནས་བློ་ལ་འགྱུར་བ་ཞིག་དགོས་པ་རེད་ཅེས་གསུངས།

ཟླ་འདིའི་ཚེས་༢ ནས་ཉིན་གཉིས་རིང་རྡོ་རྗེ་གདན་གྱི་གསུང་ཆོས་ར་བའི་ནང་༧གོང་ས་མཆོག་གིས་དཀྱིལ་འཁོར་ས་ཕྱོགས་སོགས་དབང་གི་སྟ་གོན་ཆོ་ག་དང་། སློབ་མ་རྗེས་འཛིན་གྱི་གསུང་ཆོས་གནང་གི་ཡོད་པ་རེད།

15871107_1200469833364801_1937876781_nཟླ་འདིའི་ཚེས་༢ ཉིན་གྱི་སྔ་དྲོར་༧གོང་ས་མཆོག་ཆོས་རར་ཆིབས་བསྒྱུར་གནང་བ་དང་། མགོན་པོ་གང་ཉིད་ཀྱིས་དུས་དབང་ཞུ་ཕྱོགས་དང་འབྲེལ་ནས་བཀའ་སློབ་གནང་དོན། “དེ་རིང་གནས་ཁྱད་པར་ཅན་འདི་འདས་པའི་ལོ་སྟོང་ཕྲག་གཉིས་ལྷག་རིང་སངས་རྒྱས་པའི་ཆོས་ཀྱི་གནས་རྩ་ཆེན་རེད་ལ། བཅོམ་ལྡན་འདས་དགོངས་པ་རྫོགས་པའི་སངས་རྒྱས་སའི་མཛད་པ་མཛད་ས་གནས་མཆོག་རྡོ་རྗེ་གདན་རེད། ནང་པའི་རྒྱལ་ཁབ་ཡོངས་རྫོགས་ཀྱིས་གནས་འདི་ཁྱད་པར་ཅན་ལ་ངོས་འཛིན་བྱས་ཡོད་རེད། འདིར་སྐུ་ཐང་ནང་ཡོད་པའི་པཎ་གྲུབ་བཅུ་བདུན་ཞེས་ཞུ་བསྡད་པ་དེ་ཀླུ་སྒྲུབ་ཀྱིས་ཉམས་གསོ་གནང་བའི་ལོ་རྒྱུས་ཤིག་གོ་ཡ་ཡོད་རེད། གང་ལྟར་པཎ་གྲུབ་དེ་ཚོས་ཞབས་ཀྱིས་བཅགས། ཐུགས་སྨོན་མཚམས་སྦྱོར་གནང་བ་ཞིག་རེད། འཕགས་པའི་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུ་མང་ཆེ་བས་ཞབས་ཀྱིས་བཅགས་ཡོད་པ་རེད། བོད་གངས་ཅན་ལྗོངས་ཀྱི་ལོ་ཙཱ་བ་དེ་ཚོས་དཀའ་བ་ཁྱད་དུ་བསད་ནས་འཕགས་པའི་ཡུལ་གྱི་སངས་རྒྱས་པའི་བཀའ་དཔལ་ན་ལེནྜའི་ཆོས་བརྒྱུད་དྲི་མ་མེད་པ་དེ་བོད་ལ་དར་སྤེལ་མཛད་མཁན་མང་ཆེ་བས་འདིར་ཞབས་ཀྱིས་བཅགས་ཡོད་རེད། གནས་ཕུན་སུམ་ཚོགས་པ་རྡོ་རྗེ་གདན་དུ་དེ་རིང་དུས་འཁོར་དབང་ཆེན་བྱེད་རྒྱུ་བྱས་རེད། དུས་འཁོར་དབང་ཆེན་ཐེངས་སུམ་ཅུ་སོ་བཞི་པ་རེད་”ཅེས་༧རྒྱལ་དབང་སྐུ་ཕྲེང་བདུན་པས་དུས་འཁོར་སྐོར་ལ་དམིགས་བསལ་ཐུགས་སྣང་གནང་ཡོད་སྐོར་དང་། དུས་འཁོར་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གཙོ་བོ་ཇོ་ནང་དང་ཞ་ལི་ཆགས་ཡོད་སྐོར།མགོན་པོ་གང་ཉིད་ལ་རྨི་ལམ་ནང་དུས་དབང་ཐེངས་མང་པོ་གནང་རྒྱུའི་རྟེན་འབྲེལ་བྱུང་སྐོར་གྱི་བཀའ་སློབ་གནང་སོང་།

15841483_1200470006698117_1056327406_nདེ་བཞིན་༧གོང་ས་མཆོག་གིས། “ཁྱེད་རང་ཚོས་དོན་གཉེར་བྱས་ནས་འདིར་ཡོང་བ་དང་། གནས་རྩ་ཆེན་པོ་རེད། ཡིན་ཡང་མཐུན་རྐྱེན་ཡག་པོ་མེད་པས། ཁྱེད་རང་ཚོས་དཀའ་བ་དང་དུ་བླངས་ནས་ཡོང་བ་རེད། ཁ་ཤས་ཚོང་དོན་དུ་དམིགས་ནས་ཡོང་བ་ཡོད་སྲིད་རེད། ཆོས་ཆོས་སུ་སོང་བ་ཞིག་དགོས་པ་དེ་གལ་ཆེན་པོ་རེད། ཆོས་ལུགས་རིས་སུ་མ་ཆད་པ་གང་ཡིན་ནའང་བློ་ཆོས་སུ་སོང་བ་ཞིག་དགོས་པ་གལ་ཆེན་པོ་རེད་”ཅེས་དང་། ཕ་མ་ནང་པ་ཡིན་པ་དང་ཡེ་ཤེས་ཡིན་ཟེར་བ་ཙམ་མ་ཡིན་པར་ཆོས་གང་ཡིན་ནའང་ལག་ལེན་ཐོག་ནས་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང་།

༧གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་གནང་དོན།“ཆོས་སུ་ཆོས་སུ་སོང་བ་ཟེར་བ་བློ་ལ་འགྱུར་བ་གཏོང་དགོས་རེད། དུས་དབང་ཞུས་ནས་རོགས་པ་ཚོས་ཀྱང་གྲོགས་པོས་དུས་དབང་ཞུས་ནས་བཟང་དུ་སོང་འདུག གད་མོ་རྒོད་པ་མང་དུ་སོང་འདུག་ཟེར་བ་ཞིག་བྱུང་ན་ཡག་པོ་ཡོད་རེད། དེ་མིན་ང་ཚོའི་གྲོགས་པོས་དུས་དབང་ཞུས་ནས་འགྱུར་བ་གང་ཡང་སོང་མི་འདུག་ལབ་ན། དཀའ་ལས་བྱུང་བ་སྡུག་གྱོང་འདྲ་རེད་”ཅེས་དུས་དབང་ཟེར་དུས་མི་མང་པོས་དོ་སྣང་བྱས་ནས་ཡོང་གི་ཡོད་པས། ཁོང་གིས་མི་ཚོགས་འདུས་ཡོད་སར་ཁ་ཡོད་ལག་ཡོད་ཀྱི་བསམ་བློ་གཏོང་སྟངས་ལ་སྦྱོད་འཇུག་དེ་ཡག་པོ་ཡོད་པས་དེ་གསུང་གི་ཡོད་སྐོར་གསུངས་སོང་།

15877650_1200487433363041_492154966_oདུས་དབང་ཀྱི་སྔོན་འགྲོའི་གསུང་ཆོས་སྒོམ་རིམ་འཕར་མ་དང་སྤྱོད་འཇུག་གསུང་གི་ཡོད་པ་རེད།
དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་གསུང་ཆོས་ར་བར་ཕེབས་སྒོ་ཁག་ ༡༣ ཡོད་པ་དང་།
ཕེབས་སྒོ་དང་པོ། གལ་ཆེའི་མི་སྣ་དང་། དུས་འཁོར་དབང་ཆེན་གྱི་སྦྱིན་བདག ལས་བྱེད་བཅས་ཀྱི་ཆེད་རེད་འདུག
ཕེབས་སྒོ་གཉིས་པ། བོད་ནས་གསར་དུ་ཕེབས་པ་དང་། རྒས་འཁོགས། དབང་པོ་སྐྱོན་ཅན་བཅས་ཀྱི་ཆེད་རེད་འདུག
ཕེབས་སྒོ་གསུམ་པ་དང་བཞི་པ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་སྣའི་ཆེད་རེད་འདུག
ཕེབས་སྒོ་ལྔ་པ་དང་དྲུག་པ། བདུན་པ། བརྒྱད་པ། མི་མང་གི་ཆེད་རེད་འདུག
ཕེབས་སྒོ་དགུ་པ་དང་བཅུ་པ། བཅུ་གཅིག དགེ་འདུན་པ་དང་བཙུན་མ་ཚོའི་ཆེད་རེད་འདུག
ཕེབས་སྒོ་བཅུ་གཉིས་པ། རྒྱ་གར་བ་དང་ཕྱི་རྒྱལ་བ་ཚོའི་ཆེད་རེད་འདུག
ཕེབས་སྒོ་བཅུ་གསུམ། གསར་འགོད་པ་ཚོའི་ཆེད་དུ་རེད་འདུག །།

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་རྡོ་རྗེ་གདན་ནས།