༧གོང་ས་མཆོག་གིས་ནིའུ་ཛི་ལན་ཌ་ཡི་སྲིད་བློན་འཚམས་འདྲི་གནང་། 

ཕྱི་ཟླ་༡༠ པའི་ཚེས་༡༧ ཉིན་ནིའུ་ཛི་ལན་ཌ་ཡི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཆེན་མོའི་ནང་། ལས་ཐོག་སྲིད་བློན་ལྕམ་ཇཱ་སིན་ཌ-ཨར་ཌན་(Jacinda Ardern) གྱི་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་ནས་ཁོང་བསྐྱར་དུ་སྲིད་བློན་ལ་འདེམས་ཐོན་བྱུང་བར། ༧གོང་ས་མཆོག་གིས་བཀྲ་ཤིས་བདེ་ལེགས་ཀྱི་གསུང་འཕྲིན་བསྩལ་འདུག 

༧རྒྱལ་བ་རིན་པོ་ཆེས་བསྩལ་བའི་གསུང་འཕྲིན་ནང་། “དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་འདིར་སྐུ་ཉིད་ཀྱིས་སྙིང་སྟོབས་དང་། རྣམ་དཔྱོད་ལྡན་པའི་ངང་ནས་དབུ་ཁྲིད་གནང་བར་ངོས་ཀྱིས་ཡི་རང་བསྔགས་བརྗོད་བྱེད་ཀྱི་ཡོད་ལ།  ལྷག་པར་དུ་སྐུ་ཉིད་ཀྱིས་བྱམས་བརྩེ་དང་། ཞི་བ། གཞན་ལ་གུས་བརྩི་བཅས་ཀྱི་ཐོག་ནས་དཀའ་སྡུག་ལ་གདོང་ལེན་བྱེད་ཚུལ་དེར་ཡི་རང་བསྔགས་བརྗོད་བྱེད་ཀྱི་ཡོད་”ཅེས་གསུངས་པའི་ཐོག “འདས་པའི་ངོ་ལོ་དག་གི་ནང་། ངོས་རང་སྐུ་ཉིད་ཀྱི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་དུ་ཐེངས་འགར་བཅར་སྐབས། མཐོ་དམན་བར་གསུམ་གྱི་ཡུལ་མི་ཚང་མའི་གུ་ཡངས་དང་བྱམས་བརྩེས་ངོས་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། ངོས་ཀྱིས་འགྲོ་བ་མི་ཚང་མ་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་དང་། འཛམ་གླིང་གི་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་བྱེད་བཞིན་པར་ནིའུ་ཛི་ལན་ཌིའི་མི་མང་གིས་དོ་ཁུར་དང་དགའ་མོས་བྱས་པ་དེས་ངོས་ལ་སེམས་ཤུགས་དང་སྙིང་སྟོབས་སྐྱེད་དུ་བཅུག་བྱུང་”ཞེས་བསྣན་གནང་འདུག 

མཇུག་ཏུ་༧གོང་ས་མཆོག་གིས་སྲིད་བློན་ཁོང་ལ་མ་འོངས་པའི་བྱ་གཞག་ཐམས་ཅད་ལེགས་འགྲུབ་ཡོང་བ་དང་། ནིའུ་ཛི་ལན་ཌ་ཡི་མང་མང་གི་རེ་བ་དང་མངོན་འདོད་བསྒྲུབ་ཐུབ་པའི་ཐུགས་སྨོན་གནང་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།