༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་དབུ་ཁྲིད་ཇོན-ཧུམ་སྐུ་གྲོངས་པར་ཐུགས་གསོའི་གསུང་འཕྲིན་བསྩལ།

ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་ཨེ་རཱ་ལན་ཊི་(Ireland)ཡི་དབུ་ཁྲིད་ཇོན-ཧུམ་(John Hume)ཡུན་རིང་སྙུང་གཞིས་མནར་ནས་སྐུ་གྲོངས་པར། ༧གོང་ས་མཆོག་གིས་མྱ་ངན་དང་ཁོང་གི་ཤུལ་ལུས་སྐུ་ཟླར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག 

ཕྱི་ཟླ་ ༨ ཚེས་ ༤ རེས་གཟའ་མིག་དམར་ཉིན་བསྩལ་བའི་ཐུགས་གསོའི་གསུང་འཕྲིན་ནང་། ༧གོང་ས་མཆོག་གིས་“ངོས་བྱང་ཨེ་རཱ་ལན་ཊི་ལ་ཐེངས་འགའ་ཕྱིན་པ་ལས་ཐེངས་གཅིག་ལ་ཁྱེད་ཀྱི་སྐུ་ཟླར་མཇལ་རྒྱུ་བྱུང་བ་དེར་ཧ་ཅང་དགའ་པོ་བྱུང་། ཁོང་གི་རྩོད་རྙོག་སེལ་བར་གྲོས་མོལ་དགོས་པའི་ཆོད་སེམས་ཟབ་མོ་དེ་ནི་གཡོ་བ་མེད་པ་ཞིག་རེད་ལ། ཁོང་གི་དབུ་ཁྲིད་ལམ་སྟོན་དང་གྲོས་མོལ་གྱི་སྟོབས་ཤུགས་ལ་བཅངས་པའི་ཡིད་ཆེས་ལ་བརྟེན་ནས་ཕྱི་ལོ་ ༡༩༩༨ ལོའི་ཞི་བདེའི་གྲོས་མཐུན་(Good Friday Agreement)དེ་ཡོང་ཐུབ་པ་བྱུང་ཡོད། ཁོང་གི་འགྱུར་བ་མེད་པའི་དྲང་ཚུགས་དེས་ང་ཚོར་རྗེས་སུ་འབྲང་སའི་དཔེ་མཚོན་ཞིག་བཞག་ཡོད་”ཅེས་གསུངས་འདུག 

མཇུག་ཏུ་༧གོང་ས་མཆོག་གིས་ཇོན-ཧུམ་གྱིས་ཞི་བདེ་དང་འཚེ་བ་མེད་པ་ལ་ཕུལ་བའི་ལེགས་སྐྱེས་དེ་ཁོང་ཕེབས་རྗེས་སུ་མུ་མཐུད་གནས་ངེས་པ་དང་། ཁོང་གིས་དོན་སྙིང་ལྡན་པའི་མི་ཚེ་ཞིག་བསྐྱལ་ཡོད་ཅེས་གསུངས་འདུག 

ཇོན-ཧུམ་ནི་བྱང་ཨ་རཱ་ལན་ཊི་ཡི་ཆབ་སྲིད་པ་སྐད་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གིས་ཕྱི་ལོ་ ༡༩༧༩ ནས་ ༢༠༠༡ བར་ཨེ་རཱ་ལན་ཊི་ཡི་དབུ་ཁྲིད་གནང་བའི་རིང་། ཡུལ་ལུང་དེའི་ནང་རྒྱུན་མི་ཆད་པར་འབྱུང་བཞིན་པའི་འཚེ་བ་དང་དཀའ་རྙོག་མཚམས་འཇོག་པའི་གྲོས་མཐུན་ཞིག་འཇོག་ཐུབ་པར་བརྟེན། ཁོང་ལ་ཕྱི་ལོ་ ༡༩༩༨ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ། 

ཁོང་ཉེ་བའི་ལོ་ཤས་ནང་སྙུང་གཞིས་མནར་རྗེས། ཕྱི་ཟླ་ ༨ ཚེས་ ༣ རེས་གཟའ་ཟླ་བའི་ཉིན་ཉིན་དགུང་གྲངས་ ༨༣ ཐོག་སྐུ་གྲོངས་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།