༧གོང་ས་མཆོག་གིས་བདེ་མཆོག་ནག་པོ་པའི་བཀའ་དབང་བཀའ་དྲིན་བསྩལ་སོང་།
ཟླ་འདིའི་ཚེས་༩ ཉིན་༸གོང་ས་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་པོའི་ཨོ་ལན་པཱ་ཏར་(Ulaanbaatar) གྱི་དགའ་ལྡན་ཐེག་ཆེན་གླིང་དགོན་པ་གཙོས་བོད་སོག་གི་བླ་སྤྲུལ་ཁག་ཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དཔལ་འཁོར་ལོ་སྡོམ་པ་བདེ་མཆོག་ནག་པོ་པའི་བཀའ་དབང་དངོས་གཞི་བཀའ་དྲིན་བསྩལ་ཞིང་། ཐེངས་འདིའི་གསུང་ཆོས་ཀྱི་ཆེད་དུ་འཛམ་གླིང་ཁྱོན་གྱི་རྒྱལ་ཁབ་ཁག་༦༦ ནས་ཕེབས་པའི་ཆོས་ཞུ་བ་སེར་སྐྱ་ཕོ་མོ་ ༡༢༠༠༠ བརྒལ་བ་ཕེབས་ཡོད་འདུག
སྐབས་དེར་༧གོང་ས་མཆོག་གིས་ཤེས་རབ་སྙིང་པོ་དང་འབྲེལ་བའི་ཐོག་གསུངས་དོན། ཤེས་རབ་སྙིང་པོ་ནི་གོ་རྒྱུ་ཆེན་པོ་ཧ་ཅང་ཡག་པོ་འདུག ཤེས་རབ་སྙིང་པོ་འདོན་པའི་སྐབས་སུ་སེམས་ལ་བཅོམ་ལྡན་འདས་ཀྱིས་འདི་ལྟར་གསུངས་འདུག་ཅེས་བསམ་བློ་ཡག་པོ་བཏང་ཐུབ་ན། ཤེས་རབ་སྙིང་པོ་ལས་ལྷག་མེད་པ་ལྟ་བུ་འདུག སྟོང་ཉིད་ཧ་ཅང་ཞིབ་ཚགས་མོ་གསུང་གི་འདུག་ལ། སྟོང་པ་ཉིད་སྒོམ་པའི་ཐོག་ནས་རིམ་བཞིན་སྤང་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་གསུང་ཡོད་པ་རེད། ཧ་ཅང་ཡག་པོ་ཞིག་འདུག་ཅེས་དང་།
གཞན་ཡང་ནས་སེམས་ཀྱི་ཞི་བདེ་དང་འབྲེལ་བའི་ཐོག་ལམ་སྟོན་བཀའ་སློབ་བསྩལ་དོན། འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མས་བྱམས་པ་དང་བརྩེ་བ་གསུངས་ཀྱི་ཡོད་པ་རེད། མི་ལ་ཕན་ཐོགས་ཀྱི་ཡོད་པ་རེད། ཧ་ཅང་ཡག་པོ་རེད། ཡིན་ནའང་། རང་གཅེས་འཛིན་ལ་སྐྱོན་དུ་བལྟས་ཤིང་། བདེན་གྲུབ་དུ་མཐོང་བའི་བདེན་གྲུབ་དེ་གཏན་ནས་མེད་བསམ་པའི་བདེན་མེད་ཀྱི་བསམ་བློ་འཁོར་བ་ནི་སངས་རྒྱས་པའི་ཆོས་ཀྱི་ཟབ་ཤོས་རེད། ངོས་རང་གི་ངོས་ནས་ཆ་གཞག་ན་ཞོགས་པ་ཡར་ལངས་པ་དང་། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་ནན་ཏན་གྱིས་གཏོང་གི་ཡོད། དེས་སེམས་ལ་ཧ་ཅང་ཕན་གྱི་འདུག ཉིན་མོ་དེའི་རིང་ལ་རྙོག་དྲ་ཚ་བོ་དང་རང་ལ་སྐྱོན་བརྗོད། རང་གི་འདོད་པ་མེད་པ་མང་པོ་ཞིག་ཡོང་བ་ལ་མ་སྐྱིད་པ་བྱེད་ཀྱི་ཡོད། དེ་དུས་རང་གཅེས་པར་འཛིན་པ་དང་། བདག་ཏུ་འཛིན་པ་ལ་དོན་གྱི་ངོས་ནས་གྲུབ་པ་ཞིག་མེད་བསམ་པའི་བསམ་བློ་དེ་གཉིས་པོ་ཡོད་ན་གང་ལྟར་སེམས་མ་སྐྱིད་པ་བཟོ་མཁན་རང་ཤུགས་ཀྱིས་མེད་པ་ཆགས་འགྲོ་བ་ཞིག་རེད། དེ་ཧ་ཅང་རྩ་ཆེན་པོ་རེད། ལོ་ཤས་སྔོན་ངོས་ཀྱི་རྨི་ལམ་དུ་ལྷ་ས་གཙུག་ལག་ཁང་དུ་མཆོད་མཇལ་ལ་འགྲོ་གི་འདུག ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱི་མདུན་དུ་སླེབས་སྐབས་ངོས་ཀྱིས་དད་པ་བྱས་ཏེ་མཇལ་སྐབས་རང་བྱུང་ལྔ་ལྡན་གྱིས་མིག་བཙུམ་སྐྱོན་གྱི་འདུག ངོས་རང་སེམས་ཧ་ཅང་སྐྱོ་བྱུང་། དེ་ནས་ཡར་ཕྱིན་ནས་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱིས་མིག་བཙུམ་སྐྱོན་ཞིང་། བཞད་མོ་བཞད་དེ་ཐུགས་ཧ་ཅང་མཉེས་པོ་གནང་གི་འདུག ངོས་རང་ཐུགས་རྗེ་ཆེན་པོའི་མགུལ་ནས་ཡར་འཁྱུད་དེ་ངུས་པ་ཡིན། སྐབས་དེར་ཐུགས་རྗེ་ཆེན་པོས་ཀྱང་སྤྱན་ཆབ་གནང་གི་འདུག བརྩོན་འགྲུས་བརྩམས་པའི་བརྩོན་འགྲུས་ཀྱིས།། བརྟེན་སྤྲོ་ལེ་ལོ་མ་མཆིས་ཤིང༌།། སྟོབས་དང་ལྡན་པའི་ལུས་སེམས་ཀྱིས།། བརྩོན་འགྲུས་ཕ་རོལ་ཕྱིན་རྫོགས་ཤོག།། ཅེས་ཚིགས་བཅད་འདི་གསུངས་སོང་། དེ་ནི་སྙིང་སྟོབས་ཞུམ་པ་མེད་པ་དགོས་པ་རེད་ཅེས་གསུང་གི་ཡོད་པ་རེད། ང་ཚོས་བདེ་སྡུག་དང་དགྲ་བོ་ཕྱི་ལོགས་སུ་འཇོག་རྒྱུ་མི་འདུག ནང་སེམས་སུ་འདུག དགྲ་བོ་ནང་དུ་ཡོད་པས་དགྲ་བོ་བཙལ་ན་ནང་དུ་འཚོལ་དགོས་པ་ལས་ཕྱི་ལོགས་སུ་མེད། ང་ཚོས་འཛམ་གླིང་ཞི་བདེ་ཟེར་བ་དེ་ཡང། སེམས་ལ་ཞི་བདེ་ཡག་པོ་ཞིག་བྱུང་ན་མི་གཅིག མི་བརྒྱ། མི་སྟོང་། ཁྲི། འབུམ། ས་ཡ། བྱེ་བ་བྱས་ཏེ། གཞན་གཅེས་འཛིན་གྱི་བསམ་བློ་རྒྱ་ཆེར་སྤེལ་ཐུབ་ན་འཛམ་གླིང་ཞི་བདེ་ངོ་ཐོག་ལ་ཡོང་ཐུབ་པ་ཞིག་རེད་ཅེས་བཀའ་སློབ་བསྩལ་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།