༧གོང་ས་མཆོག་གིས་བདེ་མཆོག་ནག་པོ་པའི་བཀའ་དབང་གི་སྟ་གོན་མཛད་པ།

ཟླ་འདིའི་ཚེས་༨ ཉིན་༸གོང་ས་མཆོག་གིས་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་པོའི་ཨོ་ལན་པཱ་ཏིར་(Ulaanbaatar) གྱི་དགའ་ལྡན་ཐེག་ཆེན་གླིང་དགོན་པ་གཙོས་བོད་སོག་བླ་སྤྲུལ་ཁག་ཅིག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སོག་པོའི་དད་ལྡན་སེར་སྐྱ་མི་གྲངས་ ༦༠༠ གཙོས་འཛམ་གླིང་ཁྱོན་གྱི་རྒྱལ་ཁབ་ཁག་ ༦༦ ནས་ཕེབས་པའི་ཆོས་ཞུ་བ་སེར་སྐྱ་ཕོ་མོ་༡༢༠༠༠ བརྒལ་བར་བདེ་མཆོག་ནག་པོ་པའི་བཀའ་དབང་སྟ་གོན་མཛད་ཡོད་པ་རེད།

སྐབས་དེ་༧གོང་ས་མཆོག་གིས་གསང་སྔགས་དང་བདེ་མཆོག་ནག་པོ་དང་འབྲེལ་བའི་བཀའ་སློབ་བསྩལ་དོན། ང་ཚོའི་བོད་ལ་གསང་སྔགས་ཀྱི་ཆོས་སྐོར་ཧ་ཅང་དར་སོ་ཆེན་པོ་བྱས་ཏེ་འཁོར་ལོ་དང་པོ་རང་ལ་ཆ་བཞག་ནའང་། འཁོར་ལོ་དང་པོ་གྲུབ་ཆེན་ལཱུ་ཨི་པའི་ལུགས་དང་། དེ་ནས་གྲུབ་ཆེན་དྲིལ་བུ་པའི་ལུགས་ཀྱི་དྲིལ་བུ་ལུས་དཀྱིལ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ཁས་ལེན་བྱས་ཏེ་ཆགས་མེད་འདོན་དགོས་པ་དེ་ལྟར་རེད། དེ་ནས་བདེ་མཆོག་ནག་པོ་པ་རེད། དེ་ཏོག་ཙམ་དཀོན་པོ་རེད། ངོས་ཀྱིས་བདེ་མཆོག་ནག་པོ་པ་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་ཡིན། བསམ་བློའི་ནང་དུ་བདེ་མཆོག་ནག་པོ་པ་ལ་སེམས་ཐག་ཉེ་བའི་ཚོར་བ་ཞིག་ཡོང་གི་འདུག་ཅེས་དང་། དེ་བཞིན་བགེགས་གཏོར་དང་འབྲེལ་བའི་ཐོག་༧གོང་ས་མཆོག་གིས་ད་ལྟའི་སྐབས་སུ་སློབ་མ་དད་པ་ཅན་ཚེ་རབས་མང་པོར་ཆོས་དང་ཟང་ཟིང་གི་འབྲེལ་བ་ཡོད་པ་ཞིག་ཕལ་ཆེར་ཆགས་ཡོད་པ་རེད། དེ་ལྟ་བུའི་སློབ་མ་དད་ཅན་ཚོར་བགེགས་ཞེས་ཕྱི་ལོགས་ཀྱི་བགེགས་གང་ཤེས་ཀྱང་། སེམས་ཀྱི་བདེན་འཛིན་གྱི་རྣམ་རྟོག་དང་། རང་གཅེས་འཛིན་གྱི་རྣམ་རྟོག་གཉིས་བགེགས་ངོ་མ་དེ་རེད། འདིར་གཏོར་མ་བརྔོས་ནས་དེ་ལྟ་བུའི་ནང་གི་བདེན་འཛིན་དང་གཅེས་འཛིན་ལ་མཐུན་འགྱུར་བྱེད་པའི་མི་ཤེས་པའི་རྨོངས་པའི་གཞན་དབང་དུ་གྱུར་པའི་ལན་ཆགས་རྣམས་ལ་གཏོར་བརྔོས་བྱེད་ཀྱི་ཡོད་ཅེས་བཀའ་སློབ་བསྩལ་རྗེས་བགེགས་གཏོར་དང་།

དེ་ནས་སྟོན་པ་བཅོམ་ལྡན་འདས་དང་འབྲེལ་བའི་ཐོག་ཁོང་གིས་སྟོན་པ་བཅོམ་ལྡན་འདས་དངོས་གནས་སྟོན་པ་འདྲ་འདྲའི་ནང་ནས་གཞན་དང་མི་འདྲ་བ་ཞིག་རེད། བརྩེ་བའི་ཡོན་ཏན་དང་། འཕྲིན་ལས་ཀྱི་ཡོན་ཏན་སྟོན་པ་གཞན་ལའང་ཡོང་གི་རེད། སྟོན་པ་བཅོམ་ལྡན་འདས་ནི་མཁྱེན་པའི་ཡོན་ཏན་ཧ་ལས་པ་ཞིག་རེད་འདུག དེར་བརྟེན། སྟོན་པ་བཅོམ་ལྡན་འདས་ཀྱིས་གདུལ་བྱ་ལ་བླང་དོར་གྱི་གནད་བསྟན་ནས་གདུལ་བྱའི་དོན་མཛད་པ་མ་གཏོགས། རྫུ་འཕྲུལ་ལྟ་བུའི་ཐོག་ནས་གཞན་དོན་མཛད་པ་སྐབས་དང་སྐབས་སུ་གནང་གི་ཡོད་ཀྱང་། གཙོ་བོ་གསུང་གི་འཕྲིན་ལས་ཀྱི་ཐོག་ནས་གཞན་དོན་མཛད་པ་ཞིག་རེད། དེ་དངོས་གནས་དྲང་གནས་རླབས་ཆེན་པོ་རེད། གསུང་གི་འཕྲིན་ལས་ལས་སེམས་རྒྱུད་འདུལ་ཐབས་དེའང་སྔོན་ལ་བློ་རགས་པ་ཕར་ཞི་བར་གཏོང་བ་དང་། དེ་ནས་རིམ་བཞིན་ཟབ་ཏུ་ཟབ་ཏུ་བཏང་སྟེ། མཐར་ཐུག་ཉོན་མོངས་ཕྲ་མོ་རྣམས་སེལ་བ་ཞིག་དང་། དེ་སེལ་བ་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྐབས་ནས་གསུངས་པའི་སྟོང་ཉིད་སྒོམ་པ་དང་། བྱང་ཆུབ་ཀྱི་སེམས་སྒོམ་པ་གཅིག་པུས་མི་ཕན་པར་སྟོང་ཉིད་སྒོམ་བྱེད་ཀྱི་བློ་དེ་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་རང་བཞིན་དུ་འཆར་བ་ཞིག་དགོས་ཀྱི་ཡོད་པ་རེད། གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་མངོན་དུ་གྱུར་ཐུབ་ན། འོད་གསལ་དེའི་བཞོན་པའི་རླུང་ལས་སྒྱུ་ལུས་སྒྲུབ་ཐུབ་པ་ཞིག་ཡོང་གི་ཡོད། དེ་བྱེད་ཐུབ་ན་སངས་རྒྱས་ཀྱི་ཆོས་གཟུགས་ཀྱི་སྐུ་གཉིས་པོ་འགྲུབ་པའི་རྒྱུ་ཆ་ཚང་བ་དེའི་སྟེང་ནས་ཡོང་གི་འདུག སྐུ་དག་པ་སྒྱུ་མའི་སྐུ་དང་། ཐུགས་དག་པ་དོན་གྱི་འོད་གསལ། སྒྱུ་མའི་ལུས་སྒྲུབ་བྱེད་འོད་གསལ་གྱི་སྟེང་ནས་ཡོང་གི་འདུག དེའི་ཐོག་ནས་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པ་དང་། སློབ་པའི་ཟུང་འཇུག་གི་རྒྱུན་དེའི་ཐོག་ནས་མ་རིག་པ་བག་ཆགས་དང་བཅས་པ་རིམ་པས་སྦྱངས་ནས། མཐར་སློབ་པའི་ཟུང་འཇུག་དང་། དེ་ནས་མི་སློབ་པའི་ཟུང་འཇུག་གི་སྐུ་འགྲུབ་པ་འགྲོ་སྟངས་དེ་ལྟར་ཡོང་གི་ཡོད། ཁ་སང་དེ་རིང་གི་སྐད་དུ་དངོས་ཡོད་གནས་ཚུལ་དང་མཐུན་པ་དང་། ཚན་རིག་དང་མཐུན་པ་ཆགས་འདུག་ཅེས་བཀའ་སློབ་བསྩལ་སོང་།

གསར་འགོད་པ། བློ་བཟང་རྒྱ་མཚོ།