༧གོང་ས་མཆོག་གིས་བློ་རིགས་སོགས་ལ་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་བསྩལ་སོང་།
ཟླ་འདིའི་ཚེས་༣ ཉིན་གྱི་ཞོགས་པར་༧གོང་ས་མཆོག་གིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་སློབ་གཉེར་བ་གཅིག་སྟོང་ལྷག་ལ་དབུ་མའི་ལྡེ་མིག་གི་ཆོས་འབྲེལ་དབུ་འཛུགས་གནང་སོང་།
སྐབས་དེར་༧གོང་ས་མཆོག་གིས་ཁོང་ཉིད་ཆུང་དུས་སུ་ཏཱ་ལའི་བླ་མའི་བཞུགས་ཁྲིའི་སྒང་དུ་སྡོད་ཀྱི་ཡོད་ཀྱང་དཔེ་ཆ་སྐྱོར་དུས་བློ་རིགས་དང་རྟགས་རིགས་ཀྱི་སྡོམ་ཧུར་ཐག་འབད་ཐག་གིས་སྐྱོར་ཡོད་པ། ཆུང་དུས་སུ་བློ་རིགས་དང་རྟགས་རིགས་ཀྱི་དོན་དག་མ་ཤེས་ན་ཡང་བློ་ལ་བཟུང་བར་བརྟེན། རྗེས་སུ་དགེ་རྒན་གྱིས་ཚིག་འགྲེལ་སྐྱོན་དུས་ཕན་ཐོགས་ཡོད་པ་སོགས་གསུངས་སོང་ལ། དཔེ་ཆར་ལྟ་བའི་ཐད་སྔ་མོ་རྒྱ་ནག་དང་ཝེ་ཐི་ནམ་སོགས་སུ་ཡག་པོ་ཡོད་པ་དང་། བོད་པ་ཚོས་ཆུང་དུས་ནས་བློ་རིགས་དང་རྟགས་རིགས་ཀྱི་སྡོམ་བློ་ལ་བཟུང་ནས་ལྟ་སྲོལ་ཡོད་པ་ནི་མིག་ལྟོས་ཡག་པོ་ཞིག་ཡིན་པ། སྨོན་ལམ་བརྒྱབ་ནས་ཆོས་དང་རིག་གཞུང་བདག་པོ་བརྒྱབ་པ་མ་རེད་ཅེས་བློ་རིགས་སོགས་ལ་སློབ་སྦྱོང་བྱེད་དགོས་པའི་བཀའ་སློབ་བསྩལ་སོང་།
དེ་བཞིན་རྗེ་བཙུན་འཇམ་དཔལ་དབྱངས་དང་འབྲེལ་ཁོང་གིས་སྔ་མོ་བོད་ལ་ཡོངས་འཛིན་ཕུར་ལྕོག་ཡིན་ནམ་གཅིག་མཇལ་ཁ་ཞིག་ཞུ་བར་ཕྱིན་པའི་སྐབས་སུ་བླ་མ་ཞིག་གིས་ཁྱེད་རང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་སྐྱེས་རེད་ཅེས་གསུང་དུས། ཕུར་ལྕོག་རིན་པོ་ཆེས་ང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐྱེ་བ་གང་ཤེས་ཀྱང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཁྱིམ་མཚེས་ཡིན་ཞེས་བཤད་ཡོད། ངོས་ནས་ཀྱང་ཕལ་ཆེར་དེ་བརྗོད་ཆོག་གི་མེད་འགྲོ་བསམ་གྱི་འདུག རྗེ་བཙུན་འཇམ་དཔལ་དབྱངས་ཁྱིམ་མཚེས་བྱས་ཏེ་ཆུང་ཆུང་སྐབས་ནས་འདྲིས་བསྡད་པ་ཞིག་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ནང་པའི་ལྟ་གྲུབ་ཙམ་མ་ཡིན་པར་ཆོས་ལུགས་འདྲ་མི་འདྲའི་ལྟ་གྲུབ་དང་། དེང་སང་གི་ཚན་རིག་བཅས་ཀྱི་ཐོག་ལ་ངོས་ཀྱི་རྣམ་དཔྱོད་ཆེ་བ། གསལ་བ། མྱུར་བ། ཟབ་པ་བཅས་ཕལ་ཆེར་ཡོད་པ་ལྟ་བུ་འདུག དེར་བརྟེན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཁྱིམ་མཚེས་ཡིན་ཞེས་སྔ་མོ་གསུངས་པའི་ལོ་རྒྱུས་ཡོད་པ་རེད་ལ། ངོས་རང་ལ་ཆ་བཞག་ནའང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཁྱིམ་མཚེས་ཡིན་ཞེས་བཤད་ཆོག་གི་མེད་དམ་བསམ་གྱི་འདུག་ཅེས་སོགས་གསུངས་སོང་།
གཞན་ཡང་རིན་པོ་ཆེ་མཆོག་གིས་སློབ་ཕྲུག་ཚོས་ཆོས་རབ་ཏུ་རྣམ་པ་འབྱེད་པའི་ཤེས་རབ་གོང་ནས་གོང་དུ་འཕེལ་བའི་དོན་དུ་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས་ཨ་ར་པ་ཙ་བགྲང་ནས་རྗེ་བཙན་འཇམ་དཔལ་དབྱངས་ལ་གསོལ་བ་འདེབས་པ་དང་སློབ་སྦྱོང་ཧུར་ཐག་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་གནང་སོང་།
ཐེངས་འདིའི་བཀའ་ཆོས་ཐོག་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པ་དང་བཅུ་གཅིག འཛིན་རིམ་བཅུ་གཉིས་སོགས་ཀྱི་སློབ་མ་དང་རྒྱ་གར་སོགས་ཀྱི་མཐོ་སློབ་ཁག་ཏུ་ཡོད་པའི་སློབ་གཉེར་བ་བཅས་གཞོན་སྐྱེས་སློབ་གཉེར་བ་ཁྱོན་བསྡོམས་གཅིག་སྟོང་ལྷག་ཆོས་ཞུར་བཅར་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།