༧གོང་ས་མཆོག་གིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་གྱི་ཆིངས་ཡིག་ལ་བསྔགས་བརྗོད་གནང་འདུག

 མཉམ་འབྲེལ་རྒྱལ་ཁབ་ཀྱི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་གྱི་ཆིངས་ཡིག་ལ་རྒྱལ་ཁབ་ ༥༠ ཡིས་མཚན་རྟགས་བཀོད་པར། ༧གོང་ས་མཆོག་གིས་ཡིད་རང་བསྔགས་བརྗོད་གནང་འདུག 

དེ་རིང་སྟེ་ཕྱི་ཟླ་༡༠ ཚེས་༢༦ རེས་གཟའ་ཟླ་བའི་ཉིན་༧རྒྱལ་བ་རིན་པོ་ཆེའི་དྲ་བའི་ཐོག་སྤེལ་བའི་གསུང་འཕྲིན་ནང་། ཁོང་གིས་“ངོས་རང་རྡུལ་ཕྲན་མཚོན་ཆ་ཡོངས་རྫོགས་མེད་པ་བཟོ་དགོས་པའི་ལས་འགུལ་སྤེལ་མཁན་ཞིག་ཡིན་པའི་ཆ་ནས། རྡུལ་ཕྲན་མཚོན་ཆ་བཀག་སྡོམ་གྱི་ཆིངས་ཡིག་ལ་ད་ཆ་རྒྱལ་ཁབ་༥༠ ཡིས་མཚན་རྟགས་བཀོད་དེ་ལོ་རྗེས་མའི་ཕྱི་ཟླ་༡ པོའི་ནང་དངོས་སུ་ལག་བསྟར་བྱ་གཏན་འཁེལ་བའི་གནས་ཚུལ་དེར་དགའ་བསུ་ཞུ་རྒྱུ་ཡིན། འདི་ནི་དངོས་གནས་ལོ་རྒྱུས་རང་བཞིན་ཅན་དང་། འགྲོ་བ་མིའི་རིགས་ཀྱི་མ་འོངས་པར་ཕན་འབྲས་ལྡན་པ་ཞིག་ཡིན་ལ། རྣམ་དཔྱོད་ལྡན་པའི་ཐོག་ནས་རྩོད་རྙོག་སེལ་བའི་ཐབས་ལམ་ཡང་དག་པའི་ཕྱོགས་སུ་གོམ་པ་སྤོས་པ་ཡིན་”ཞེས་གསུངས་འདུག 

གཞན་ཡང་། ཁོང་གིས་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་བྱེད་པའི་ཆིངས་ཡིག་དེས་འཛམ་གླིང་ལ་གཏན་གྱི་ཞི་བདེ་ཡོང་བར་ཕན་ཐོགས་ཡོང་བས། མཉམ་འབྲེལ་རྒྱལ་ཁབ་དང་འབྲེལ་ཡོད་ཚོགས་མི་རྒྱལ་ཁབ་རྣམས་ལ་ལེགས་གསོལ་བསྔགས་བརྗོད་མཛད་འདུག 

གསུང་འཕྲིན་གྱི་མཇུག་ཏུ་ཁོང་གིས་“རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ནི་མི་ཚང་མའི་མངོན་འདོད་དང་ཁེ་ཕན་ཡིན། དེང་སྐབས་རྩོད་རྙོག་སེལ་བར་ང་ཚོས་བསམ་ཤེས་དང་གྲོས་མོལ་ལ་བརྟེན་དགོས། དེར་བརྟེན་ངོས་ཀྱིས་གོ་སྐབས་འདི་བཟུང་ནས་སྲིད་གཞུང་ཚང་མར་ཆིངས་ཡིག་འདི་ལག་བསྟར་བྱེད་རོགས་ཞུ་འདོད་”ཅེས་རྒྱལ་ཁབ་རྣམས་ལ་ཆིངས་ཡིག་གི་འབྲུ་དོན་ལག་བསྟར་དགོས་པའི་སྐུལ་མཛད་འདུག །  

གསར་འགོད་པ་དཀོན་མཆོག་རབ་བརྟན།