༧གོང་ས་མཆོག་གིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྨན་ཁབ་འབུལ་བཞེས་གནང་བ།
དེ་རིང་རེས་གཟའ་སྤེན་པའི་ཉིན་༧གོང་ས་མཆོག་མཆོག་གིས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དེ་འབུལ་བཞེས་གནང་སོང་།
ད་ནངས་ཞོགས་པའི་ཆུ་ཚོད་ ༧ ཙམ་ལ་༧གོང་ས་མཆོག་ཕོ་བྲང་ནས་མར་དྷ་ཤོད་ཀྱི་ཛོ་ནཱ་སྨན་ཁང་ (Zonal Hospital)དུ་ཆིབས་སྒྱུར་བསྐྱངས་ཏེ་ཝུའུ་ཧན་ཏོག་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྨན་ཁབ་ཀྱི་རིམ་པ་དང་པོ་དེ་འབུལ་བཞེས་གནང་སོང་།
སྨན་ཁབ་འབུལ་བཞེས་སྐབས། ༧རིན་པོ་ཆེ་མཆོག་གིས་“ངོས་ཀྱི་ཡིད་ཆེས་བློ་ཐུབ་ཀྱི་གྲོགས་པོ་དང་སྨན་པ་ཚོས་སྔོན་འགོག་སྨན་ཁབ་འདི་རྒྱག་དགོས་པའི་སྐུལ་མ་གནང་བྱུང་བས། ཛ་དྲག་གི་དཀའ་ངལ་འགོག་པའི་སླད་དུ། སྨན་ཁབ་འདི་ཧ་ཅང་ཕན་ཐོགས་ཆེན་པོ་དང་ཡག་པོ་ཆགས་ཡོད། དེ་བཞིན་ནད་པ་གཞན་ཚོས་ཀྱང་སྤྱི་ཡོངས་ཀྱི་ཁེ་ཕན་ཆེན་པོའི་དོན་དུ་སྨན་ཁབ་འདི་ངེས་པར་རྒྱག་དགོས།། ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ངོས་ཀྱིས་སྨན་ཁབ་འདི་བརྒྱབ་པ་ཡིན། ངོས་ཀྱིས་མི་གང་མང་མང་ཞིག་ལ་སྔོན་འགོག་སྨན་ཁབ་འདི་རྒྱག་པའི་བློ་སྟོབས་བསྐྱེད་དགོས་ཞེས་ཞུ་འདོད་བྱུང་”ཞེས་བཀའ་སློབ་བསྩལ་སོང་།
ལོ་སྔོན་མའི་ཕྱི་ཟླ་ ༢ པའི་འགོ་སྟོད་དུ་སྐུ་སྒེར་ཡིག་ཚང་ནས་ནད་ཡམས་ཀྱི་དཀའ་ཉེན་ལ་བརྟེན་ནས་༧རིན་པོ་ཆེའི་མི་མང་དང་འབྲེལ་བའི་མཛད་འཆར་མཐའ་དག་དུས་ངེས་མེད་ལ་ཕར་འགྱངས་བྱས་པ་ཡིན་པའི་གསལ་བསྒྲགས་སྤེལ་བ་ནས་བཟུང་། ༧རིན་པོ་ཆེ་མཆོག་གིས་དྲ་ཐོག་ནས་བཀའ་སློབ་དང་གསུང་ཆོས་སྩལ་བཞིན་བཞུགས་པ་ལས་ཕོ་བྲང་གི་ཕྱི་ལ་ཐེངས་གཅིག་ཀྱང་ཕེབས་མེད་པས། ད་ནངས་ཞོགས་པར་ལམ་ཟུར་དུ་ལངས་པའི་དྷ་སའི་བོད་མི་ཚོས་ལག་ཏུ་ཁ་བཏགས་དང་གདུག་སྤོས་ཐོགས་ནས་ལོ་གཅིག་ལྷག་གི་མཇལ་ཁ་ཐོག་མ་དེ་ཞུས་སོང་། །
གསར་འགོད་པ་དཀོན་མཆོག་རབ་བརྟན།