༧གོང་ས་མཆོག་གིས་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་མཐུན་ལ་བསྔགས་བརྗོད་ཀྱི་གསུང་འཕྲིན་བསྩལ་འདུག
ཡུ་རོབ་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོས་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ལ་བརྟེན་ནས་བྱུང་བའི་དཔལ་འབྱོར་ཉམས་ཆག་ལ་གུན་གསབ་དང་། ཡུ་རུབ་ཀྱི་དཔལ་འབྱོར་སླར་གསོ་གཏོང་བའི་ཆེད་དུ་ཡུ་སྒོར་ཐེར་འབུམ་༧༥༠ གཏོང་རྒྱུར་གྲོས་མཐུན་བྱུང་བར་༧གོང་ས་མཆོག་གིས་བསྔགས་བརྗོད་ཀྱི་གསུང་འཕྲིན་བསྩལ་འདུག
༧གོང་ས་མཆོག་གིས་ཕྱི་ཟླ་༧ ཚེས་༢༢ རེས་གཟའ་ལྷག་པའི་ཉིན་བསྩལ་བའི་གསུང་འཕྲིན་དེའི་ནང་འཁོད་དོན། “ཡུ་རོབ་མཐུན་ཚོགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་ཁག་གི་ནང་དཀའ་ངལ་སེལ་བའི་ཆེད་དུ་ཉིན་ཤས་རིང་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཉེར་བདུན་གྱི་དབུ་ཁྲིད་རྣམས་ལྷན་འཛོམས་ཀྱིས་གདོང་ལེན་བྱེད་ཐབས་བཀའ་སྡུར་ལྷུག་པོར་གནང་འབྲས་སུ། རྒྱལ་ཁབ་སྤྱི་ཡོངས་ཀྱི་བདེ་དོན་ལ་དགོངས་བཞེས་གྲོས་མཐུན་གང་ལེགས་བྱུང་བར་ངོས་རང་དགའ་ཚོར་ཆེན་པོ་བྱུང་།
གོང་གསལ་ཐག་གཅོད་དེས་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་རྣམས་ནས་དངོས་ཡོད་གནས་ཚུལ་དང་ཕུགས་རྒྱང་རིང་པོར་བསམས་ནས་སྤྱི་པའི་བདེ་དོན་ལ་དགོངས་པ་བཞེས་རྒྱུ་གལ་ཆེན་པོ་ཡིན་པ་བསྟན་པ་ཡིན། ངོས་ཀྱིས་རྒྱུན་དུ་རྗོད་མུས་ལྟར། ཡུ་རོབ་མཉམ་འབྲེལ་གྱིས་སྤྱི་པའི་བདེ་དོན་སྒྲུབ་པའི་རྣམ་པ་གསལ་པོར་བསྟན་པ་ནི་གཟི་བརྗིད་དང་ཡི་རངས་བྱེད་འོས་པ་ཞིག་ཡིན།
དེ་ལྟ་བུའི་གལ་ཆེའི་གནད་དོན་ཐོག་གྲུབ་འབྲས་གང་ལེགས་བྱུང་བ་ལྟར། མ་འོངས་པར་ཡང་ཁོར་ཡུག་གི་དཀའ་ངལ་སོགས་ཚབས་ཆེའི་དཀའ་ངལ་ཁག་ལའང་གདོང་ལེན་བྱེད་ཚེ་གྲུབ་འབྲས་དེ་ལྟ་བུ་ཐོན་པའི་རེ་བ་དང་། སྙིང་སྟོབས་ལྡན་པའི་ཡུ་རོབ་མཉམ་འབྲེལ་གྱི་སྒྲིག་འཛུགས་དེ་རྒྱལ་ཁབ་གཞན་གྱི་མིག་དཔེ་ལྟ་ས་ཞིག་ཏུ་འགྱུར་བའི་ཡིད་ཆེས་ཡོད།”
གསར་འགོད་པ་དཀོན་མཆོག་རབ་བརྟན།