༧གོང་ས་མཆོག་གིས་རྒྱ་གར་སྲིད་འཛིན་མྱུར་དུ་དྲག་སྐྱེད་ཡོང་བའི་ཐུགས་སྨོན་མཛད་འདུག

༧གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་རཱམ་ན་ཐི-ཁོ་ཝན་མཆོག་(Ram Nath Kovind) གི་གཤག་བཅོས་ལེགས་གྲུབ་བྱུང་བར་དགྱེས་ཚོར་ཆེན་པོ་བྱུང་སྐོར་གསུངས་པ་དང་། ཁོང་མྱུར་དུ་དྲག་སྐྱེད་ཡོང་བའི་ཐུགས་སྨོན་མཛད་འདུག

དེ་རིང་སྟེ་ཕྱི་ཟླ་༣ ཚེས་༣༡ རེས་གཟའ་ལྷག་པའི་ཉིན་སྐུ་སྒེར་གྱི་དྲྭ་བའི་ཐོག་ཏུ་བཀོད་པའི་གསུང་འཕྲིན་ནང་། ༧གོང་མཆོག་གིས་“ངོས་ཀྱིས་ཁྱེད་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་ལམ་འདེབས་”ཞེས་གསུངས་པའི་ཐོག “ངོས་ཀྱིས་ཁྱེད་ངོ་ཤེས་ནས་ལོ་མང་ཕྱིན་ཡོད་པར་སྤོབས་པ་ཡོད་ལ། ཁྱེད་ངོས་ཀྱི་གྲོགས་པོ་རྙིང་པར་བརྩི་ཡི་ཡོད་”ཅེས་བསྣན་འདུག 

དགུང་གྲངས་ ༧༥ ལ་ཕེབས་པའི་རྒྱ་གར་གྱི་སྲིད་འཛིན་ཁོང་ཁ་སང་རེས་གཟའ་མིག་དམར་ཉིན་རྒྱལ་ས་ལྡི་ལིའི་རྒྱལ་ཡོངས་གསོ་རིག་སྨན་ཁང་(All India Institute Of Medical Science)དུ་སྙིང་རྩའི་གཤག་བཅོས་གནང་ནས་ལེགས་པར་གྲུབ་པའི་རྗེས། རྒྱ་གར་གྱི་སྲིད་བློན་མཱོ་དྷི་དང་། རྒྱལ་ཁབ་གཞན་དག་གི་དབུ་ཁྲིད་ཚོས་སྤྱི་ཚོགས་དྲ་ལམ་བརྒྱུད་དེ་ཁོང་མགྱོགས་ནས་མྱུར་དུ་དྲག་སྐྱེད་ཡོང་བའི་གསོལ་འདེབས་སྨོན་ལམ་ཞུ་བཞིན་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།