༧གོང་ས་མཆོག་གིས་“རྒྱ་གར་གྱི་སྤུན་ཟླ་ཕོ་མོ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་པའི་ཆེད་” ཞལ་འདེབས་གནང་འདུག
རྒྱ་གར་དུ་ཉིན་རེར་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་(Covid-19)ཀྱི་ནད་པ་འབུམ་གསུམ་ལྷག་འཕར་ནས་གནས་སྟངས་ཤིན་ཏུ་ཛ་དྲག་ཏུ་གྱུར་བའི་དུས་སྐབས་འདིར། ༧གོང་ས་མཆོག་གིས་རྒྱ་གར་གྱི་སྤུན་ཟླ་ཕོ་མོ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་པའི་ཆེད་དུ་སྲིད་བློན་གྱི་རོགས་སྐྱོར་ཐེབས་(PM-Cares Fund)ལ་ཞལ་འདེབས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག
དེ་རིང་རེས་གཟའ་མིག་དམར་ཉིན་བསྩལ་བའི་གསལ་བསྒྲགས་དེའི་ནང་། ༧གོང་ས་མཆོག་ནས་“ངོས་ཀྱིས་རྒྱ་གར་འདུས་པའི་འཛམ་གླིང་ཡོངས་ལ་ནད་ཡམས་ཀྱིས་བསླངས་དང་སློང་བཞིན་པའི་དཀའ་ཁག་ལ་སེམས་ཁུར་གྱིས་དོ་སྣང་དང་ལྟ་ཀློག་བྱེད་ཀྱིན་ཡོད་”ཅེས་གསུངས་འདུག
༧རིན་པོ་ཆེ་མཆོག་གིས་“ནད་ཡམས་ཤུགས་ཆེར་འཕར་བཞིན་པའི་དུས་ཚོད་ཛ་དྲག་ཅན་འདིའི་སྐབས་ལ། ངོས་ནས་རྒྱ་གར་གྱི་སྤུན་ཟླ་ཕོ་མོ་ཚོར་གདུང་སེམས་མཉམ་སྐྱེད་མཚོན་པའི་ཆེད་དུ་༧ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པར་སྲིད་བློན་གྱི་རོགས་སྐྱོར་ཐེབས་རྩ་ལ་ཞལ་འདེབས་འབུལ་བའི་སྐུལ་མངགས་བྱས་ཡོད་”ཅེས་གསུངས་པའི་ཐོག “ངོས་ཀྱིས་གོ་སྐབས་འདི་བཟུང་ནས་འཇིགས་སུ་རུང་བའི་ནད་ཡམས་ལ་གདོང་ལེན་བྱེད་པའི་འབད་བརྩོན་མཐའ་དག་དང་། ལྷག་པར་དུ་སྙིང་སྟོབས་ཆེན་པོས་གདོང་དུ་བུད་མཁན་ཚོའི་འབད་བརྩོན་ལ་སེམས་གཏིང་ནས་རྗེས་སུ་ཡིད་རང་ཞུ་ཆོག་པ་ཞུ། ངོས་ཀྱིས་ནད་ཡམས་ཀྱི་འཇིགས་པ་མྱུར་དུ་ཞི་བའི་སྨོན་ལམ་འདེབས་ཀྱི་ཡོད་”ཅེས་བསྣན་འདུག
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ཀྱི་རྒྱལ་ས་ལྷ་ས་རུ་མི་མང་གི་སྒེར་ལངས་ཆེན་མོ་དྲག་གནོན་བྱས་པའི་རྗེས་སུ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་(སྲིད་ཀྱི་དབང་ཚད་མི་མང་གིས་བདམས་པའི་སྲིད་སྐྱོང་ལ་གནང་ཡོད།)༧རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པ་ནས་བཟུང་། ཁོང་འདས་པའི་མི་ལོ་ ༦༠ ལྷག་གི་རིང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་དྷ་སའི་རི་གྲོང་དུ་བཞུགས་ཡོད་པ་དང་། ཁོང་གིས་སྐབས་རེར་ཁོང་གི་ཐུགས་སེམས་ན་ལནྡྲེའི་ཤེས་རིག་དང་། སྐུ་ལུས་རྒྱ་གར་གྱི་ཁ་ཟས་ཀྱིས་སྐྱེད་སྲིང་བྱས་པ་ཞིག་ཡིན་སྟབས། ཁོང་“རྒྱ་གར་གྱི་བུ་”ཞིག་ཆགས་ཡོད་ཚུལ་གསུང་གི་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།