༧གོང་ས་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་མིའི་ཀླད་པ་བེད་སྤྱོད་མ་བྱས་པ་ཞིག་རེད་ཅེས་གསུངས།

རྒྱ་ནག་གིས་ག་རེ་བཤད་ན་ཡང་དེ་ཁོ་རང་ཚོའི་རང་དབང་ཡིན་པ་དང་། དེས་ཁོང་ལ་ཚོར་བ་མི་བདེ་བ་སྟེར་གྱི་མེད་པ། གཞན་གྱི་ཁོང་ཁྲོ་དང་དོགས་པ་རྣམས་རང་རྒྱུད་དུ་ལེན་ནས་ཕར་བཟོད་སྒོམ་དང་སྙིང་རྗེ་སྤྲད་རྒྱུའི་ཉམས་ལེན་བྱེད་ཀྱི་ཡོད་ཅེས་༧གོང་ས་མཆོག་གིས་གསུངས་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༦ ཉིན་ཁུའུ་ཛི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་ཆར་དབྱིན་ཇིའི་རྒྱལ་ཁབ་ཀྱི་དགོད་བྲོའི་གཏམ་གླེང་བ་གྲགས་ཅན་ཇོན་ཨོ་ལི་འོར་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་དྷ་རམ་ས་ལར་ཡོང་ནས། ༧གོང་ས་མཆོག་གི་སྐུ་མདུན་དུ་ཆེད་བཅར་གྱིས་བཅར་འདྲི་ཞུས་པ་སོགས་འཁོད་པའི་བརྙན་ཐུང་སྐར་མ་༡༨ ལྷག་ཙམ་གྱི་དུས་ཡུན་ཡོད་པ་ཞིག་ཟླ་འདིའི་ཕྱི་ཚེས་༥ ཉིན་ཡོངས་ཁྱབ་ཏུ་འགྲེམས་སྤེལ་བྱས་ཡོད་པ་དང་། དེའི་ནང་རང་ལུས་མེར་སྲེག་གི་གནད་དོན་གྱིས་གཙོས་པའི་བོད་པའི་རྩ་དོན་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་ཀྱང་འཁོད་ཡོད་འདུག

ཇོན་ཨོ་ལི་འོར་གྱིས་༧གོང་ས་མཆོག་ལ་རྒྱལ་བའི་སྐུ་ཕྲེང་འདི་སྐུ་ཕྲེང་མཐའ་མ་ཡིན་མིན་དང་། མ་འོངས་པར་རྒྱ་ནག་གིས་རྒྱལ་བའི་ཡང་སྤྲུལ་ཞིག་བསྐོ་གཞག་བྱེད་སྲིད་མིན་གྱི་ཐོག་ལ་ཐུགས་ཁྲལ་ཡོད་མེད་ཀྱི་སྐོར་ལ་བཅར་འདྲི་ཞུས་པའི་ལན་དུ། སྐུ་ཕྲེང་མཐའ་མ་དེ་ཡིན་སྲིད་པ་རེད་ཅེས་གསུངས་ཡོད་པ་ལས་མཐའ་མ་ཡིན་མིན་གྱི་ལན་གསལ་པོ་ཞིག་གནང་མེད་པ་དང་། དེ་བཞིན་རྒྱ་གཞུང་གིས་སྤྲུལ་སྐུ་ཞིག་བསྐོ་བཞག་བྱས་ན་དེ་ནི་གླེན་པའི་བྱ་སྤྱོད་དང་། བལྟ་རྒྱ་ཐུང་ཐུང་། མིའི་ཀླད་པ་ཏག་ཏག་བེད་སྤྱོད་མ་བྱས་པ་ཞིག་ཡིན་པ། སྤྱིར་མིའི་ཀླད་པར་ཐུན་མོང་གི་བསམ་ཤེས་ཀྱི་ནུས་པ་ཡོད་ཀྱང་། རྒྱ་གཞུང་གི་མཁྲེགས་འཛིན་པ་ཚོའི་ཀླད་པ་ནང་ནས་དེ་བརླག་ཡོད་པ་འདྲ་པོ་འདུག་ཅེས་བཞད་གད་དང་བཅས་ལན་འདེབས་གནང་ཡོད་འདུག

ཡང་༧གོང་ས་མཆོག་གིས་“རྒྱ་ནག་གིས་ག་རེ་བཤད་ན་ཡང་བཤད་འཇུག དེ་ཁོ་རང་ཚོའི་རང་དབང་རེད། གུས་རང་ལ་ཚོར་བ་མི་བདེ་བ་ཡོང་གི་མི་འདུག དགའ་ཡི་འདུག གུས་རང་གིས་གཞན་གྱི་ཁོང་ཁྲོ་དང་། དོགས་པ་རྣམས་རང་རྒྱུད་དུ་བླངས་ནས་ཕར་བཟོད་སྒོམ་དང་སྙིང་རྗེ་སྐྱེ་རྒྱུའི་ཉམས་ལེན་བྱེད་ཀྱི་ཡོད།” ཅེས་གསུངས་ཡོད་འདུག  །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།