༧གོང་ས་མཆོག་གིས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་དབུ་འབྱེད་ཀྱི་བཀའ་སློབ་བསྩལ་སོང་། 

༧གོང་ས་མཆོག་གིས་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་ངུ་ཞེས་པའི་ཚིག་དེ་ཡག་པོ་མི་འདུག་པས་ཁོང་ནས་དུས་རྒྱུན་ལེགས་སྦྱར་གྱི་ཆོས་བརྒྱུད་དང་པཱ་ལིའི་ཆོས་བརྒྱུད་ཅེས་སྐད་ཡིག་ཐོག་ནས་དབྱེ་བ་འབྱེད་ཀྱི་ཡོད་གསུངས་སོང་།

དེ་རིང་ཞོགས་པར་སིང་ག་པོར་གྱི་བོད་བརྒྱུད་ནང་པའི་ཆོས་ཚོགས་(Tibetan Buddhist Center, Singapore) ཀྱིས་གཙོས་པའི་ཚོགས་པ་ཁག་ནས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཉིན་གསུམ་གྱི་དྲ་ཐོག་ཚོགས་ཆེན་དབུ་འཛུགས་གནང་བའི་ཐོག ༧གོང་ས་མཆོག་གིས་དབུ་འབྱེད་ཀྱི་བཀའ་སློབ་བསྩལ་གནང་སོང་། 

ཁོང་གིས་“སངས་རྒྱས་ཀྱི་ཆོས་དེ་ལོ་ ༢༥༠༠ ལྷག་ཕྱིན་པའི་ཆོས་བརྒྱུད་ཅིག་ཆགས་ཡོད་པ་རེད། དེང་སྐབས་འཛམ་གླིང་འདིར་དེ་སྔ་ནང་པ་མིན་མཁན་ཚོས་སངས་རྒྱས་པའི་ཆོས་ལ་བརྟག་དཔྱད་བྱས་ཏེ་དམིགས་བསལ་ཞིག་ཡོད་པ་དང་། དེ་བཞིན་ཚན་རིག་པའི་ནང་ལའང་དོ་སྣང་ཡོང་གི་འདུག དེར་བརྟེན་ང་ཚོས་དུས་རྒྱུན་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་ངུ་ཞེས་བཤད་ཀྱི་ཡོད་པ་རེད། ཚིག་དེ་ཡག་པོ་མི་འདུག ངས་དུས་རྒྱུན་དེར་ལེགས་སྦྱར་གྱི་ཆོས་བརྒྱུད་དང་། པཱ་ལིའི་ཆོས་བརྒྱུད་ཅེས་སྐད་ཡིག་ཐོག་ནས་ཆོས་དབྱེ་བ་འབྱེད་ཀྱི་ཡོད། པཱ་ལིའི་ཆོས་བརྒྱུད་ནང་འདུལ་བ་དང་བསླབ་པ་གསུམ་གྱི་ཉམས་བཞེས་དེ་དག་གཞི་རྩ་བྱས་ནས་ཡོད་པ་རེད། དེ་བཞིན་ན་ལེནྜའི་ལེགས་སྦྱར་གྱི་ཆོས་བརྒྱུད་ལ་ཆ་བཞག་ནའང་བསླབ་པ་གསུམ་གྱི་ཉམས་ལེན་དེ་གཙོ་བོ་རེད། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་ཚང་མ་དགེ་སློང་འདུལ་བ་འཛིན་པ་ཤ་སྟག་རེད། གང་ལྟར་ང་རང་ཚོས་མིག་དཔེ་ལྟ་ས་དེ་བཅོམ་ལྡན་འདས་རེད། བཅོམ་ལྡན་འདས་ཁོང་རང་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་། དེ་ནས་རབ་བྱུང་གི་སྒོ་ནས་བསྙེན་པར་རྫོགས། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་སྟོན་སྐབས་འདུལ་བའི་ཉམས་ལེན་དེ་དག་གཞི་མར་བཞག་ནས། དེ་ཚུལ་ཁྲིམས་ཀྱི་བསླབ་པ་བྱས་པ་དང་། དེ་ནས་གཞི་རྩ་དགེ་ཚུལ་དང་དགེ་གཉེན་དེ་འདྲ་ཡོད་པ་རེད་དེ། གཙོ་བོ་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་དེ་མཆོག་ཏུ་བརྩི་ཡི་ཡོད་པ་རེད། པཱ་ལིའི་གཞུང་ནང་ཆ་བཞག་ནའང་འདུལ་བའི་ཉམས་ལེན་དེ་རྨང་གཞི་ཆགས་ཡོད་པ་རེད། ལེགས་སྦྱར་གྱི་ཆོས་བརྒྱུད་ནང་དུའང་འདུལ་བ་དེ་གཙོ་བོ་ཆགས་ཡོད་པ་རེད་”བཀའ་སློབ་བསྩལ་སོང་། 

དེ་བཞིན་༧གོང་ས་མཆོག་གི་དུས་རྒྱུུན་གྱི་ཐུགས་བསྐྱེད་དམ་བཅའ་དང་འབྲེལ་བའི་སྐོར་ལ། ཁོང་གིས་“ང་རང་མི་ཞིག་ཡིན་པའི་ཆ་ནས་འཛམ་གླིང་འདིར་བྱམས་བརྩེ་གོང་མཐོར་སྤེལ་གྱི་ཡོད། སྐྱེ་བ་སྔ་ཕྱི་དང་ཆོས་ལུགས་ཀྱི་སྐད་ཆ་མེད་པར་མི་བཟང་པོ་ཞིག་བྱ་རྒྱུ་དང་། ང་མི་ཞིག་ཡིན་པའི་ཆ་ནས་དེ་རིམ་པ་དང་པོར་རྩི་ཡི་ཡོད། རིམ་པ་གཉིས་པ་དེ་ང་ཆོས་པ་ཞིག་རེེད། ཆོས་པ་ཞིག་ཡིན་པའི་ངོས་ནས་འཛམ་བུ་གླིང་འདིའི་སྒང་གི་ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་རེ་ཡོད་རེད་དེ། ཡིན་ནའང་སེམས་པ་བཟང་པོ་དང་བྱམས་བརྩེ་དགོས་པ་ཆོས་ལུགས་ཚང་མས་གསུང་གི་ཡོད། དེར་བརྟེན་ལྟ་གྲུབ་མི་འདྲ་བ་ནང་པ་རང་གི་ནང་ལའང་ཡོད་རེད། དཔེར་ན་ན་ལེནྜའི་ཆོས་བརྒྱུད་རང་གི་ནང་དུའང་ལྟ་གྲུབ་མི་འདྲ་བ་ཡོད་རེད། ལྟ་གྲུབ་མི་འདྲ་བ་དེ་དག་ཁམས་དང་མོས་པའི་ཁྱད་པར་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། འོན་ཀྱང་དེ་ཐམས་ཅད་ཀྱིས་སེམས་པ་བཟང་པོ་དང་གཞན་ཕན་གྱི་ལྷག་བསམ་ཡོད་དགོས་པའི་གཅིག་གྱུར་བསླབ་བྱ་གསུང་གི་ཡོད་པ་རེད། དེ་བཞིན་འཛམ་གླིང་སྟེང་གི་ཆོས་ལུགས་རྣམས་དུམ་བུ་ལྟ་བུ་གཉིས་ལ་ཕྱེ་ན། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཞིག་དང་མི་འདོད་མཁན་གཅིག་ཅེས་ཡོད་པ་རེད། དེ་གཉིས་ཀར་ལྟ་གྲུབ་མི་འདྲ་བ་ཡོད་ནའང་། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་‘འཇིག་རྟེན་བཀོད་པ་པོ་བྱམས་བརྩེའི་བདག་ཉིད་རེད། ང་ཚོ་ཚང་མས་འཇིག་བརྟེན་བཀོད་པ་པོ་བྱམས་བརྩེའི་བདག་ཉིད་དེས་བཀོད་པ་རེད་’ཅེས་ཟེར་གྱི་ཡོད། དེ་བཞིན་ང་ཚོའི་ཕ་ཡི་ཚོད་ལྟ་བུ་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་དེ་བྱམས་བརྩེའི་བདག་ཉིད་ཡིན་དུས། ང་ཚོ་དཀོན་མཆོག་དེའི་སྲས་ལྟ་བུ་ཆགས་བསྡད་ཡོད་པ་རེད། དེར་བརྟེན་ང་ཚོ་ཚང་མས་བྱམས་བརྩེ་ལྡན་པ་ཞིག་བྱ་དགོས་ཀྱི་འདུག་ཟེར་རྒྱུ་དེ་ཆོས་ལུགས་ཚང་མས་གསུང་གི་འདུག དེ་ནས་ང་ཚོ་སངས་རྒྱས་པའི་ཆོས་ལུགས་ནང་དུ་ན་ལེནྜའི་ཆོས་བརྒྱུད་དང་པཱ་ལིའི་ཆོས་བརྒྱུད་ཅེས་མི་འདྲ་བ་གཉིས་ཡོད་པ་རེད། གང་ལྟར་པཱ་ལིིའི་གཞུང་དེ་དག་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ལྟ་བུ་ཆགས་བསྡད་ཡོད་པ་རེད། ལེགས་སྦྱར་གྱི་ཆོས་བརྒྱུད་ནང་དུའང་འདུལ་བའི་ཉམས་ལེན་རྨང་གཞི་རེད། དེ་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་དང་། ཕལ་ཆེན་སྡེ་བ། མང་བཀུར་བའི་སྡེ་བ་ཞེས་མང་པོ་ཡོད་རེད། ང་ཚོ་བོད་ལ་ཕལ་ཆེར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་བ་རེད་འདུག དེ་ནས་རྒྱ་ནག་ལ་ཆོས་སྲུང་གི་སྡེ་བ་རེད། གང་ལྟར་སྡེ་བ་མི་འདྲ་བ་ཡོད་རེད་དེ། ཚང་མར་སོ་སོར་ཐར་པ་གཅིག་པ་རེད་འདུག་”ཅེས་གསུངས་སོང་།། 

གསར་འགོད་པ་དཀོན་མཆོག་རབ་བརྟན།