༧གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་གསར་པ་ཞིག་ཐོན་ལ་ཉེ་འདུག
མི་ལོ་བདུན་ཅུ་ལྷག་གི་རིང་། བོད་དང་བོད་མི་ཚོའི་ཆེད་དུ་རྒྱ་ནག་དང་འཐབ་རྩོད་བྱས་པ་དང་། བོད་རྒྱ་གྲོས་མོལ་དང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་འཁོད་ཡོད་པའི་༧གོང་ས་མཆོག་གི་ཕྱག་དེབ་ཅིག་གང་མགྱོགས་པར་སྐྲུན་ཞུ་འཆར་ཡོད་འདུག

ཟླ་འདིའི་ཚེས་༢༤ ཉིན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ༧གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་(Voice for the Voiceless) ཞེས་པའི་དབྱིན་ཇིའི་ཕྱག་དེབ་གཅིག་ལོ་འདིའི་ཕྱི་ཟླ་༣ ཚེས་༡༡ ཉིན་དབུ་འབྱེད་དང་། ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་དང་འཇར་མན། ཨི་ཊ་ལི་དང་ཧོ་ལན་ཌི་སོགས་སུ་འགྲེམས་སྤེལ་གནང་རྒྱུ་རེད་འདུག
ཕྱག་དེབ་དེའི་ནང་དུ་༧གོང་ས་མཆོག་གིས་འདས་པའི་ལོ་མང་རིང་རྒྱ་ནག་གཞུང་གི་དཔོན་རིགས་ཚོ་དང་གྲོས་མོལ་གནང་སྟེ་བོད་མི་རིགས་ཀྱི་བདེ་སྡུག་ཆེད་དུ་སྐུ་ངལ་བསྐྱོན་པ། ༸གོང་ས་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་ཁོང་གིས་ཞི་བའི་གྲོས་མོལ་ལ་ཐུགས་རེ་ཆེན་པོ་གནང་ཡོད་པ། བོད་ཀྱི་དྲང་བདེན་འཐབ་རྩོད་ལ་ཐུགས་བརྩོན་ནམ་ཡང་ལྷོད་མེད་པ། དེ་བཞིན་བོད་དང་བོད་མིར་འཕྲད་པའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་གི་འགོ་ཁྲིད་རིམ་པ་ཁག་དང་ཐུག་འཕྲད་ཡང་ཡང་གནང་བ་སོགས་ཀྱི་སྐོར་འཁོད་ཡོད་པར་བརྗོད་འདུག
ཕྱག་དེབ་དེ་པར་སྐྲུན་ཁང་(HarperColins) ཞེས་པས། ཕྱག་དེབ་འདི་བརྒྱུད་༧གོང་ས་མཆོག་གིས་རྒྱ་ནག་གིས་ཐོག་མ་བོད་ལ་བཙན་འཛུལ་བྱས་ནས་བཟུང་། ད་བར་ལོ་ངོ་༧༥ ཙམ་འགྲོ་བཞིན་ཡོད་ན་ཡང་། བོད་ཀྱི་འཐབ་རྩོད་དེ་ད་དུང་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་མེད་པ་དང་། བོད་མི་ཚོས་རང་ཡུལ་དུ་དཀའ་སྡུག་མྱོང་བཞིན་ཡོད་པ་འཛམ་གླིང་ལ་བསྐྱར་དུ་དྲན་སྐུལ་གནང་ཡོད་པ་རེད་ཅེས་ཧིན་དྷུའི་དུས་བབ་གསར་ཁང་ལ་བརྗོད་འདུག་ལ།
དེ་བཞིན་ཧིན་དྷུའི་དུས་བབ་ཅེས་པའི་གསར་ཁང་གིས་ཕྱག་དེབ་དེ་ནི་རྒྱ་ནག་གིས་དམག་ཤུགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བཞིན་པའི་དུས་སྐབས་དང་། ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྩ་མེད་གཏོང་བཞིན་པར་སྐྱོན་བརྗོད་བྱེད་བཞིན་པའི་སྐབས་སུ་ཐོན་ཡོད་པར་བརྗོད་འདུག
གཞན་ཡང་དཔེ་དེབ་དེའི་རྩོམ་སྒྲིག་པ་སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པས། དཔེ་དེབ་འདི་དཔེ་ཕྲེང་གཅིག་གི་ངོ་བོར་བསྐྲུན་ཡོད་པ་དང་། དཔེ་དེབ་དེ་ནི་རྒྱ་ནག་ལ་འབྲེལ་མོལ་བྱ་རྒྱུ་གཅིག་པུ་དང་འབྲེལ་བའི་གནད་དོན་ཞིག་མིན་པར། བཙན་བྱོལ་སྤྱི་ཚོགས་ཀྱི་དཔལ་ཡོན་བསྐྱར་བསྐྲུན་སླད་ཡིན་སྐོར་བོད་ཀྱི་དུས་བབ་གསར་ཁང་ལ་བརྗོད་འདུག་ལ། དེ་བཞིན་ཁོང་གིས་པྱག་དེབ་འདི་ཕལ་ཆེར་རྒྱ་ནག་ནང་དུ་བཀག་སྡོམ་བྱེད་སྲིད་ཀྱང་། རྒྱ་རིགས་ཀློག་པ་པོར་གོ་རྟོགས་སྤེལ་ཐུབ་པའི་རེ་བ་དང་བཅས་རྒྱ་ཡིག་ནང་ཕབ་བསྒྱུར་ཞུས་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།