༧གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་བདམས་ཐོན་སྲིད་འཛིན་ལ་འཚམས་འཕྲིན་བསྩལ་འདུག

༧གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་བདམས་ཐོན་སྲིད་འཛིན་ལ་ཁོང་གིས་མི་མང་གི་མངོན་འདོད་དང་རེ་བ་སྐོང་ཐུབ་པ། དེ་བཞིན་འཛམ་གླིང་ཐོག་ཞི་བདེ་དང་མཐུན་སྒྲིལ་ཆེད་ཞབས་འདེགས་ཞུ་ཐུབ་པའི་ཐུགས་སྨོན་གནང་གི་ཡིན་པའི་གསུང་འཕྲིན་བསྩལ་འདུག

པར། བོད་མིའི་སྒྲིག་འཛུགས།

 ཟླ་འདིའི་ཚེས་༥ ཉིན། ༧གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་སྐུ་ཞབས་ལི་ཇེ་མེ་ཡོང་༼Lee Jae-myung༽ མཆོག་ལ་རྒྱལ་ཁ་ཐོབ་པར་འཚམས་འཕྲིན་བསྩལ་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ཐོག་ཏུ་སྤེལ་བའི་མགོན་པོ་གང་ཉིད་ཀྱི་འཚམས་འཕྲིན་ནང་དུ། ཁོང་གིས་དེང་སང་འཛམ་གླིང་འདི་དཀའ་ངལ་ཧ་ཅང་ཆེན་པོའི་དུས་སྐབས་ཤིག་ལ་འགྲོ་བཞིན་ཡོད། འོན་ཀྱང་། འཛམ་གླིང་ཡོངས་ལ་གཅིག་ལ་གཅིག་རྟེན་དང་། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཇེ་ཆེར་འགྲོ་བཞིན་ཡོད། ཀོ་རི་ཡའི་གླིང་ཕྲན་གྱི་ཞི་བདེ་ནི་འཛམ་གླིང་ཡོངས་ལ་ཧ་ཅང་གལ་ཆེན་པོ་ཡིན། ཁྱེད་རང་གིས་ས་ཁཱུལ་འདིར་བརྟན་པའི་ཞི་བདེ་ཐོབ་ཆེད་ཕྱི་འབྲེལ་དང་། གླེང་མོལ་བརྒྱུད་ནས་འབད་རྩོལ་མུ་མཐུད་གནང་རྒྱུའི་ཡིད་ཆེས་ཡོད་ཅེས་དང་།

ཉེ་བའི་ལོ་ཁ་ཤས་ནང་ཀོ་རི་ཡའི་ནང་པ་མང་པོས་རྒྱ་གར་དུ་སླར་གསོ་བྱས་པའི་སློབ་གཉེར་ལྟེ་གནས་ཁག་ཏུ་སློབ་སྦྱོང་བྱེད་རྒྱུར་དོ་སྣང་ཆེན་པོ་བྱས་ཡོད། དེ་དང་མཉམ་དུ་ངོས་རང་གིས་རྒྱ་གར་དུ་གནས་སྐོར་དུ་ཡོང་བའི་ཀོ་རི་ཡའི་ནང་པ་སྤུན་མཆེད་རྣམས་དང་རྒྱུན་དུ་མཇལ་འཕྲད་བྱེད་ཀྱི་ཡོད།

 ཁྱེད་ཀྱིས་མ་འོངས་པའི་དཀའ་ངལ་རྣམས་ལ་གདོང་ལེན་བྱ་ཐུབ་པ་དང་། ལྷོ་ཀོ་རི་ཡའི་མི་མང་གི་མངོན་འདོད་དང་རེ་བ་སྐོང་ཐུབ་པ། དེ་བཞིན་འཛམ་གླིང་ཐོག་ཞི་བདེ་དང་མཐུན་སྒྲིལ་ཆེད་ཞབས་འདེགས་ཞུ་ཐུབ་པའི་ངོས་ནས་སྨོན་འདུན་ཞུ་ཡི་ཡོད་ཅེས་བཀོད་འདུག

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལྷོ་ཀོ་རི་ཡའི་འོས་འཕེན་གྱི་ཐོབ་ཐང་ཡོད་པའི་མི་འབོར་ས་ཡ་༤༤།༣༩ ཡི་ནང་ནས་བརྒྱ་ཆ་༨༠ ཙམ་གྱིས་འོས་ཤོག་འཕངས་ཡོད་པ་དང་། དེ་ནི་རྒྱལ་ཁབ་དེའི་ནང་༡༩༩༧ ལོ་ནས་བཟུང་སྲིད་འཛིན་འོས་བསྡུའི་འོས་འཕེན་མཁན་གྱི་གྲངས་འབོར་མཐོ་ཤོས་སུ་གྱུར་ཡོད་འདུག

ཕྱི་ལོ་༢༠༢༤ ལོར། ཁོང་གི་རྒྱབ་སྐྱོར་བ་ཡིན་ཁུལ་བྱེད་མཁན་སྐྱེས་པ་ཞིག་གིས་

ཁོང་གི་སྐེ་ལ་གྲི་བཙུགས་རྗེས། གནམ་གྲུའི་བརྒྱུད་སྨན་ཁང་དུ་བསྐྱལ་ཏེ་ཛ་དྲག་གཤག་བཅོས་བྱེད་དགོས་བྱུང་ཡོད་འདུག སྐྱེས་པ་དེས་རྗེས་སུ་ཁོང་ལ་གྲི་འཛུགས་དོན་ནི་ཁོང་སྲིད་འཛིན་དུ་མི་ལང་ཆེད་ཁོང་དམར་གསོད་གཏོང་རྒྱུ་དེ་ཡིན་ཞེས་བརྗོད་འདུག

འདེམས་ཐོན་སྲིད་འཛིན་ཁོང་གིས་ལྷོ་ཀོ་རི་ཡའི་མིས་བཟོས་རིག་ནུས་༼Artificial Intelligence༽ བཟོ་ལས་གོང་འཕེལ་བཏང་སྟེ། རྒྱལ་ཁབ་དེ་ཉིད་ཁྱབ་ཁོངས་དེའི་ནང་འཛམ་གླིང་གི་མདུན་གྲལ་རྒྱལ་ཁབ་གསུམ་གྱི་གྲས་ཤིག་ཏུ་བསྒྱུར་རྒྱུའི་དམིགས་ཡུལ་བཅངས་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།