༧གོང་ས་མཆོག་གིས་“སའི་གོ་ལའི་འཚོ་གནས་དང་མ་འོངས་པ་ང་ཚོའི་འཚོ་གནས་དང་མ་འོངས་པ་ཡིན་”ཞེས་གསུངས་འདུག

༧གོང་ས་མཆོག་གིས་“སའི་གོ་ལ་འདི་ནི་ཡིད་དུ་འོང་བའི་རང་རེའི་རྟེན་གཞི་ཞིག་ཡིན་ལ། འདིའི་འཚོ་གནས་དང་འདིའི་མ་འོངས་པ་ང་ཚོའི་འཚོ་གནས་དང་ང་ཚོའི་མ་འོངས་པ་ཡིན་”ཞེས་གསུངས་ནས། ང་ཚོ་ཚང་མས་གོ་ལའི་སྲུང་སྐྱོབ་ཆེ་དུ་“རང་རང་གི་འཁོས་བབ་དང་བསྟུན་ཏེ་འབད་བརྩོན་བྱ་རྒྱུའི་དམ་བཅའ་འཇོག་དགོས་”སྐུལ་མ་གནང་འདུག 

ཕྱི་ཟླ་ ༤ ཚེས་ ༢༢ ཉིན་ནི་རྒྱལ་སྤྱིའི་གོ་ལའི་ཉིན་མོར་བརྩི་སྲོལ་ཡོད་པ་ལྟར། ༧གོང་ས་མཆོག་གིས་ཉིན་མོ་འདི་དང་སྟབས་བསྟུན་ནས་ང་ཚོ་འཚོ་གནས་བྱེད་སའི་གོ་ལ་འདི་ཅི་འདྲའི་རྩ་ཆེ་བ་དང་། ང་ཚོས་མཉམ་རུབ་ཀྱིས་འདི་སྲུང་སྐྱོབ་བྱེད་རྒྱུ་ཤིན་ཏུ་གལ་གནད་ཆགས་ཡོད་པའི་སྐོར་གྱི་གསུང་འཕྲིན་ཞིག་བསྩལ་འདུག 

སྐུ་སྒེར་ཡིག་ཚང་གི་དྲ་བའི་ཐོག་ཏུ་སྤེལ་བའི་གསུང་འཕྲིན་དེའི་ནང་། ༧གོང་ས་མཆོག་གིས་“འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་མཆེད་གྲོགས་ཕོ་མོ་ཡོངས་ལ་རང་ཅག་ཐུན་མོང་གི་རྟེན་གཞིར་གྱུར་པའི་གོ་ལ་འདིའི་གདོང་ལེན་བྱེད་དགོས་པའི་དཀའ་ངལ་དང་། གོ་སྐབས་གཉིས་ཀར་དོ་སྣང་ཆེ་ཙམ་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན་”ཞེས་གསུངས་འདུག 

ཁོང་གིས་ཟླ་བ་དང་སྐར་མ་རྣམས་མཐོང་སྣང་ལ་མཛེས་ཀྱང་། དེ་དག་གི་སྟེང་དུ་འཚོ་ཐབས་དཀའ་བ་དང་། “སའི་གོ་ལ་འདི་ནི་ཡིད་དུ་འོང་བའི་རང་རེའི་རྟེན་གཞི་ཞིག་ཡིན་ལ། འདིའི་འཚོ་གནས་དང་འདིའི་མ་འོངས་པ་ང་ཚོའི་འཚོ་གནས་དང་ང་ཚོའི་མ་འོངས་པ་ཡིན། སའི་གོ་ལ་འདི་ནི་ཨ་མ་དང་འདྲ་སྟེ། བུ་ཕྲུག་རྣམས་ཨ་མ་ལ་བརྟེན་པ་དང་མཚུངས་པར་ང་ཚོའང་གོ་ལ་འདིར་བརྟེན་ཡོད། གོ་ལའི་ཚ་དྲོད་རྒྱས་བཞིན་པ་དང་། རང་བྱུང་བླ་བྲེ་ཉམས་རྒུད་དུ་སོང་སྟེ་འཛམ་གླིང་སྤྱི་ལ་དཀའ་ངལ་འཕྲད་པའི་དུས་སྐབས་འདིར་ཚོགས་སྒེར་བྱེ་བྲག་པ་དང་། རྒྱལ་ཁབ་རེ་ཟུང་ཞིག་གིས་ཕན་རླབས་ཐོན་དཀའ་བས། ང་ཚོས་མཉམ་རུབ་ཀྱིས་ལས་དོན་མ་སྒྲུབ་པར་ཐབས་ལམ་གཞན་རྙེད་དུ་མེད་”ཅེས་བཀའ་སློབ་ལམ་སྟོན་གནང་འདུག 

གཞན་ཡང་། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་“གཅིག་ལ་གཅིག་རྟེན་ནི་དངོས་པོའི་ཆོས་ཉིད་ཡིན་ལ། ཆོས་ཉིད་འདི་མ་རྟོགས་པའི་དབང་གིས་རང་བྱུང་ཁོར་ཡུག་ཙམ་དུ་མ་ཟད། འགྲོ་བ་མིའི་སྤྱི་ཚོགས་ལའང་གནོད་སྐྱོན་ཆེན་པོ་བཏང་ཡོད་པས། རང་རེ་འགྲོ་བ་མིས་ངེས་པར་དུ་གཅིག་གྱུར་གྱི་འདུ་ཤེས་སྤེལ་དགོས་པ་དང་། རང་གཞན་ཚང་མས་རང་ཉིད་གཅིག་པུ་དང་། ཁྱིམ་ཚང་། རྒྱལ་ཁབ་བྱེ་བྲག་པ་ལྟ་བུ་ཕྱོགས་རེ་བའི་དོན་ཙམ་མ་ཡིན་པར་འགྲོ་བ་མི་སྤྱིའི་བདེ་དོན་ལ་བསམ་བློ་གཏོང་དགོས་”ཞེས་གསུངས་པའི་ཐོག། ཨ་རིའི་སྲིད་འཛིན་བྷ་ཌན་གྱི་གོ་སྒྲིག་འོག་ནས་གོ་ལའི་ཉིན་མོར་འཛམ་གླིང་གི་དབུ་ཁྲིད་ཚོས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་བགྲོ་གླེང་ཆེན་པོ་གནང་གཏན་འཁེལ་བ་དེར་བསྔགས་བརྗོད་ཀྱང་མཛད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།