༧གོང་ས་མཆོག་གིས་སྐུ་ཞབས་ཇཱོ་བྷེ་ཌན་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བར་འཚམས་འདྲི་གནང་འདུག
དེ་ཡང་ཕྱི་ཟླ་༡༡ ཚེས་༧ ཉིན་གྱི་མཚན་མོར་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་ལ་འོས་བསྡུ་ལྷན་ཚོགས་ཀྱི་འོས་གྲངས་༢༧༠ བརྒལ་བ་ཐོབ་ནས་ཨ་རིའི་སྲིད་འཛིན་ཐེངས་༤༦ པར་འདེམས་ཐོན་བྱུང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་རྗེས། ཕྱི་ཚེས་༨ ཀྱི་ཞོགས་པར་༧གོང་ས་མཆོག་གིས་ཁོང་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག
འཚམས་འདྲིའི་གསུང་འཕྲིན་ནང་། ༧གོང་ས་མཆོག་གིས་“སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར། ངོས་རང་ཡུན་རིང་ཨ་རིའི་རང་དབང་དང་། མང་གཙོ། ཆོས་དད་རང་དབང་། ཁྲིམས་ཀྱི་དབང་སྒྱུར་བཅས་ལ་ཡི་རང་བསྔགས་བརྗོད་བྱེད་མཁན་ཞིག་ཡིན་”ཞེས་དང་། “ཨ་རི་རང་དབང་ལྡན་པའི་འཛམ་གླིང་གི་འགོ་འཁྲིད་མཁན་ཞིག་ཡིན་པས། འགྲོ་བ་མིའི་རིགས་ཀྱིས་ཨ་རིའི་མང་གཙོའི་ཕུགས་འདུན་དང་སྣེ་ཁྲིད་ལ་རེ་བ་ཆེན་པོ་བཅོལ་གྱི་ཡོད། ལྷག་པར་དུ་དུས་ཚོད་གཉན་འཕྲང་ཅན་གྱི་སྐབས་འདིར། ངོས་ཀྱིས་སྐུ་ཉིད་ནས་དྲང་བདེན་མེད་པ་དང་དབུལ་ཕོངས་ཀྱིས་མནར་བའི་མི་མང་རྣམས་ལ་བདེ་བ་འཐོབ་སའི་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་སྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། གོ་ལའི་གནམ་གཤིས་འགྱུར་ལྡོག་འདུས་པའི་དཀའ་ངལ་འདི་དག་སེལ་དགོས་པ་དངོས་གནས་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་”ཅེས་བསྣན་འདུག
དེ་བཞིན་སྐུ་ཞབས་ཇཱོ་བྷེ་ཌན་གྱིས་ཨ་རིའི་སྲིད་འཛིན་གཞོན་པར་བུད་མེད་ཅིག་བདམས་པ་ལ་༧གོང་ས་མཆོག་གིས་“སྐུ་ཉིད་ནས་ལྕམ་སྐུ་ཀ་མ་ལ་ཧ་རི་སི་(Kamala Harris)ཨ་རིའི་སྲིད་འཛིན་གཞོན་པར་བདམས་པར་རྗེས་སུ་ཡི་རངས་ཞུ་གི་ཡོད་”ཅེས་གསུངས་པའི་རྗེས། ཁོང་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་ཡོངས་རྫོགས་མི་མང་གིས་ཐད་ཀར་འོས་འདེམས་ཞུས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་བྱས་པ་ནས་བཟུང་། འགྲོ་བ་མིའི་རིན་ཐང་དང་། ཆོས་ལུགས་མཐུན་སྒྲིལ། འཚེ་བ་མེད་པའི་ལྟ་གྲུབ་དང་བྱམས་བརྩེ་གོང་མཐོར་གཏོང་བ་བཅས་ཀྱི་ཐོག་ལ་ལྷོད་མེད་ཀྱིས་ཐུགས་བརྩོན་གནང་བཞིན་ཡོད་པ་དང་། གནད་དོན་དེ་དག་ནི་དེ་རིང་གི་འཛམ་གླིང་དུ་ཧ་ཅང་གལ་གནད་ཆགས་ཡོད་པའི་ཡིད་ཆེས་གནང་གི་ཡོད་སྐོར་གསུངས་འདུག
དེ་མིན་ད་དུང་༧གོང་ས་མཆོག་གིས་སྐུ་ཞབས་ཇཱོ་བྷེ་ཌན་ལ་“སྐུ་ཉིད་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་། སྲིད་འཛིན་གཞོན་པ་གནང་བའི་སྐབས་བོད་པ་ཚོར་རྒྱབ་སྐྱོར་གནང་བ་དང་། འདི་ལོའི་ཕྱི་ཟླ་༩ པའི་ནང་[བོད་དོན་རྒྱབ་སྐྱོར་]གི་གསུང་བཤད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་འཚེ་མེད་ཞི་བདེ་དང་བྱམས་བརྩེས་ཕྱུག་པའི་བོད་ཀྱི་གནའ་བོའི་རིག་གཞུང་སྲུང་སྐྱོབ་ཉར་ཚགས་བྱེད་པའི་འབད་བརྩོན་ཁྲོད། ཨ་རིའི་སྲིད་འཛིན་རིམ་བྱོན་དང་ཨ་རིའི་མི་མང་ནས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་དང་གནང་བཞིན་པ་ནི་བོད་མི་ཚོའི་ལས་བསོད་ཅིག་རེད། འཚེ་མེད་ཞི་བདེ་དང་བྱམས་བརྩེས་ཕྱུག་པའི་བོད་ཀྱི་གནའ་བོའི་ནང་པའི་རིག་གཞུང་ལ་འགྲོ་བ་མིའི་རིགས་སྤྱི་ལ་ཕན་ཐོགས་སྒྲུབ་ཐུབ་པའི་ནུས་པ་ཆེན་པོ་ཡོད། ངོས་ཀྱིས་བོད་པ་ཚོའི་ཚབ་ཞུས་ཏེ་སྐུ་ཉིད་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་བོད་མིའི་སྤྱིའི་ཚབ་གནང་སྟེ་བཀའ་དྲིན་ཆེ་གསུངས་འདུག
མཇུག་ཏུ་༧གོང་ས་མཆོག་གིས“སྐུ་ཉིད་ཀྱིས་འབྱུང་འགྱུར་གྱི་དཀའ་ངལ་ཁག་ལ་གདོང་ལེན་གནང་སྟེ་ཨ་རིའི་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་ཐུབ་པ་དང་། འཛམ་གླིང་ཞི་བདེ་དང་འཆམ་མཐུན་ལྡན་པ་ཞིག་བསྐྲུན་པའི་བྱ་གཞག་ཁག་ལམ་ལྷོངས་ཡོང་བའི་”ཐུགས་སྨོན་མཛད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།