༧གོང་ས་མཆོག་གིས་ཧི་མ་ཅལ་དུ་དྲག་ཆར་གོད་ཆག་ལ་ཐུགས་གསོའི་གསུང་འཕྲིན་བསྩལ།

ཉེ་ཆར་ནས་ཧི་མ་ཅལ་མངའ་སྡེའི་ནང་ཆར་ཤུགས་ཆེན་པོ་བབས་པའི་རྐྱེན་གྱིས་འདས་པའི་ཉིན་གཉིས་ནང་གཅིག་པུར་སིམ་ལ་གཙོས་པའི་ཧི་མ་ཅལ་ས་གནས་མང་པོར་ས་རུད་པ་དང་ལམ་ཞིག་པ། ཁང་པ་ལྡིབ་པ་སོགས་ལ་བརྟེན་ནས་མི་༥༡ ཡས་མས་ཀྱི་ཚེ་སྲོག་ཤོར་ཡོད་འདུག་པས། དེ་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་དགེ་འཕེལ་གླིང་ཕོ་བྲང་ནས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་བསྩལ་ཡོད་པ་དང་། གསུང་འཕྲིན་ནང་།
སྔོན་ཆད་ཞུས་པ་ལྟར། ཧི་མ་ཅལ་ནི་ཕྱི་ལོ ༡༩༦༠ ནས་ངོས་རང་གི་ཁྱིམ་གཞིས་ཡིན་ཞེས་ཤོད་ཀྱིན་ཡོད་ལ། ངོས་རང་ཧི་མ་ཅལ་མངའ་སྡེའི་མི་མང་ལའང་མཛའ་འབྲེལ་ཆེན་པོ་ཡོད་པའི་ཚོར་སྣང་ཞིག་ཀྱང་ཡོད། ངོས་རང་གིས་རྐྱེན་འདས་སུ་གྱུར་བའི་གཅེན་གཅུང་རྣམས་ལ་སྙིང་དབུས་ནས་སྨོན་ལམ་འདེབས་ཀྱི་ཡོད་ལ། ཁོང་ཅག་གི་ཤུལ་ལུས་ནང་མི་རྣམས་གཙོས་རང་བྱུང་གོད་ཆག་གི་ཁྲོད་ནས་གནོད་འཚེ་ཕོག་མཁན་རྣམས་ལའང་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་དང་། མངའ་སྡེ་གཞུང་དང་འབྲེལ་ཡོད་ཚོགས་པ་ཁག་གིས་གོད་ཆགས་ཕོག་ཡུལ་དུ་ངལ་སེལ་རོགས་སྐྱོར་གང་ཐུབ་ཅི་ཐུབ་གནང་གི་ཡོད་པ་ངོས་ཀྱི་ཤེས་ཀྱི་ཡོད་ལ། ངོས་རང་ནས་ཧི་མ་ཅཱལ་མངའ་སྡེའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མ་དགེ་རྩ་ནས་ངལ་སེལ་ཆེད་ཞལ་འདེབས་འབུལ་རྒྱུ་ཡིན་པ་བཅས་གསུངས་འདུག
ད་ཆར་རྒྱ་གར་ཧི་མ་ཅལ་མངའ་སྡེར་ཆར་པ་ཤུགས་ཆེན་བབས་དང་འབབ་བཞིན་པས་འདས་པའི་ཉིན་གཉིས་ནང་ས་རུད་དང་ཁང་པ་ལྡིབ་པ། དེ་བཞིན་ཆུ་ལོག་སོགས་ལ་བརྟེན་ནས་མི་༥༡ ཡས་མས་རྐྱེན་འདས་སུ་ཕྱིན་པ་དང་། ད་བར་ཆར་དུས་སྐབས་སུ་མི་མང་པོ་ཞིག་གི་ཚེ་སྲོག་ཤོར་ཡོད་འདུག གཞན་ཡང་ཁྱིམ་དང་ཚོང་ཁང་སོགས་གཏོར་བ་དང་གཞུང་ལམ་བཤིག་པ། གློག་དང་ཆུ་བཅད་པ། སློབ་གྲྭ་སོགས་ཤེས་ཡོན་གྱི་བསྟི་གནས་མང་པོ་སྒོ་རྒྱག་དགོས་བྱུང་བ་ཡོད་འདུག་ལ། ད་བར་དཔལ་འབྱོར་གྱི་གྱོང་གུད་ཀ་རོ་(crore)༧༠༢༠.༢༨ ཙམ་ཕྱིན་ཡོད་འདུག ཧི་མ་ཅལ་མངའ་སྡེའི་བློན་ཆེན་གྱིས་ཆར་པ་འབབ་ཤུགས་ཆེ་བའི་སྐབས་སུ་མི་རྣམས་ཉེན་ཁ་ཆེ་བའི་གནས་སུ་མ་འགྲོ་ཞེས་གསུངས་འདུག
གསར་འགོད་པ་བསྟན་འཛིན་ལམ་བཟང་།