༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ཇོན-ལིའུ་སི་སྐུ་གྲོངས་པར་མྱ་ངན་ཐུགས་གསོ་གནང་འདུག 

༧གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་དང་སྤྱི་མང་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་ཇོན-ལིའུ་སི་(John Lewis) སྐུ་གྲོངས་པར་མྱ་ངན་དང་ཐུགས་གསོ་གནང་འདུག 

༧གོང་ས་མཆོག་གིས་ཕྱི་ཟླ་༧ ཚེས་༡༩ ཉིན་གནང་བའི་མྱ་ངན་དང་ཐུགས་གསོའི་གསུང་འཕྲིན་ནང་འཁོད་དོན། “གྲོས་ཚོགས་འཐུས་མི་ཇོན-ལིའུ་སི་སྐུ་གྲོངས་པ་དེར་ངོས་རང་སེམས་སྡུག་ཆེན་པོ་བྱུང་། ཁོང་ནི་ཨ་རིའི་སྤྱི་མང་ཐོབ་ཐང་འཐབ་རྩོད་ལས་འགུལ་གྱི་དབུ་ཁྲིད་ཅིག་ཡིན་པ་མ་ཟད། ཁོང་གི་གཡོ་བ་མེད་པའི་འཚེ་མེད་དང་དྲང་བདེན་གྱི་ཐུགས་སྐྱེད་དམ་བཅའ་རྣམས་ཀྱིས་ཁོང་འཛམ་གླིང་ཡོངས་ཀྱི་མིག་དཔེ་ལྟ་ཡུལ་དང་ཀུན་སྤྱོད་ཀྱི་ལམ་སྟོན་སྒྲོན་མེར་གྱུར་ཡོད། 

འཛམ་གླིང་ཁྱོན་གྱི་སྐྱེ་བོ་ས་ཡ་མང་པོ་ལྟར། ངོས་ནི་མཱར་ཋན-ལོའུ་ཐར-ཁིན་(Martin Luther King) མཆོག་ལ་གུས་བཀུར་ཞུ་མཁན་ཞིག་ཡིན། ངོས་ཀྱིས་འཚེ་མེད་ཞི་བའི་སྐོར་ག་དུས་བཤད་ན་ཡང་སེམས་དཔའ་ཆེན་པོ་གྷན་དྷི་དང་། ནེལ་སཱན-མན་ཌ་ལ། མཱར་ཋན-ལོའུ་ཐར-ཁིན་བཅས་དཔེ་མཚོན་དུ་འདྲེན་གྱི་ཡོད། གྲོས་ཚོགས་འཐུས་མི་ཇོན-ལིའུ་སི་ཡིས་མཱར་ཋན-ལོའུ་ཐར-ཁིན་ངོ་མཁྱེན་པས་མ་ཚད། ཁོང་ལ་གལ་གནད་ཀྱི་རྒྱབ་སྐྱོར་ཡང་གནང་མྱོང་ཡོད། ངོས་ལ་མཱར་ཋན-ལོའུ་ཐར-ཁིན་ལ་དངོས་སུ་མཇལ་བའི་སྐལ་བཟང་མ་ཐོབ་ཀྱང་། གྲོས་ཚོགས་འཐུས་མི་ལིའུ་སི་མཇལ་བ་ལས་ཁོང་དང་ཐད་ཀར་འབྲེལ་བ་བྱུང་བའི་ཚོར་སྣང་སྐྱེས་བྱུང་། 

གྲོས་ཚོགས་འཐུས་མི་ལིའུ་སི་མཆོག་གིས་དྲང་བདེན་དང་། འདྲ་མཉམ། རང་དབང་བཅས་ཀྱི་མང་གཙོའི་གཞི་རྩའི་རིན་ཐང་རྣམས་རྩ་འཛིན་གནང་བ་བརྒྱུད་དེ་ཐ་ན་ཁོང་དང་ཆབ་སྲིད་ཀྱི་ལྟ་བ་མི་གཅིག་མཁན་ཚོའི་གུས་བཀུར་ཡང་ཐོབ་ཡོད་པའི་ཐོག ལོ་མང་རིང་སྤྱི་ཚོགས་ཞབས་ཞུ་གནང་བའི་ནང་། ཁོང་གིས་ཨ་རི་བ་མང་པོ་ཞིག་ལ་འཚེ་བ་མེད་པའི་ལམ་ནས་ཞི་བདེ་དང་དྲང་བདེན་གྱི་འཐབ་རྩོད་བྱེད་པའི་སྙིང་སྟོབས་དང་ལམ་བུ་བསྩལ་ཡོད། ཁོང་ད་ལྟ་བཞུགས་མེད་ན་ཡང་། ཁོང་སྐུ་སྒེར་གྱི་མིག་དཔེ་དེས་ཨ་རི་བ་རྣམས་ལ་སོ་སོའི་རྒྱལ་ཁབ་དང་འཛམ་གླིང་ཡོངས་ཇེ་ལེགས་སུ་གཏོང་བའི་སྙིང་སྟོབས་སེམས་ཤུགས་སྦྱིན་ངེས་རེད།” 

གྲོས་ཚོགས་འཐུས་མི་ཇོན-ལིའུ་སི་(1940-2020) ཨ་རིའི་སྤྱི་མང་ཐོབ་ཐང་གི་འཐབ་རྩོད་པ་ཤིན་ཏུ་སྙན་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གིས་མཱར་ཋན-ལོའུ་ཐར-ཁིན་དང་མཉམ་དུ་ཨ་རིའི་སྤྱི་མང་ཐོབ་ཐང་ལས་འགུལ་གྱི་འགོ་འཁྲིད་མྱོང་ཡོད་པ་དང་། ལས་འགུལ་དེའི་ནང་ཁོང་ཐེངས་༤༠ ཡས་མས་ཤིག་འཛིན་བཟུང་བཙོན་འཇུག་ཐེབས་མྱོང་ཡོད། 

ཁོང་ཕྱི་ལོ་༡༩༨༦ ལོར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིར་འདེམས་ཐོན་བྱུང་ཞིང་། ཕྱི་ལོ་ ༢༠༡༡ ལོར་སྲིད་འཛིན་གྱི་གཟེངས་རྟགས་ཐོབ་པ་དང་། བོད་དོན་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།