༧གོང་ས་མཆོག་གིས་ཨུཏྟརཱ་ཁནྜ་མངའ་སྡེའི་མི་མང་ལ་ཐུགས་གསོའི་གསུང་འཕྲིན་བསྩལ།
ཉེ་ལམ་རྒྱ་གར་བྱང་ཕྱོགས་ཨུཏྟརཱ་ཁནྜ་མངའ་སྡེའི་ཅ་མོ་ལི་Chamoli)རྫོང་དུ་གངས་རུད་བྱུང་ནས་གནོད་འཚེ་ཆེན་པོ་ཕོག་པའི་གནས་ཚུལ་ཐོན་པར་བརྟེན། ༸གོང་ས་མཆོག་གིས་ས་ཁུལ་དེའི་གནོད་འཚེ་ཕོག་པའི་མི་མང་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག
དེ་རིང་སྟེ་ཕྱི་ལོ་༢༠༢༡ ཟླ་༢ ཚེས་༡༠ རེས་གཟའ་ལྷག་པའི་ཉིན་སྐུ་སྒེར་ཡིག་ཚང་གི་དྲ་བའི་ཐོག་བཀོད་པའི་ཐུགས་གསོའི་གསུང་འཕྲིན་ནང་། ༧གོང་ས་མཆོག་གིས་ཨུ་ཏྟརཱ་ཁནྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཏྲི་ཝེནྡྲ་སིངྒ་ར་ཝཏ་(Shri Trivendra Singh Rawat) ལ་ཉེ་ལམ་ཨུ་ཏྟརཱ་ཁནྜ་མངའ་སྡེའི་(Chamoli) རྫོང་དུ་གངས་རུད་བྱུང་ནས་མི་མང་པོའི་ཚེ་སྲོག་ཤོར་བ་མ་ཟད། མི་མང་པོ་ཞིག་ད་དུང་གར་སོང་ཆ་མེད་དུ་གྱུར་བར་ཐུགས་ཕམ་དང་གདུང་སེམས་མཉམ་སྐྱེད་གནང་གི་ཡོད་ཅེས་གསུངས་འདུག
གསུང་འཕྲིན་དེའི་ནང་། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས“གོད་ཆག་འོག་འདས་གྲོངས་སུ་གྱུར་བ་རྣམས་ཀྱི་ཤུལ་ལུས་ནང་མི་དང་སྤུན་མཆེད། ལྷག་པར་གངས་རུད་ཀྱི་གོད་ཆག་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་སེམས་གསོ་ཞུ་རྒྱུ་ཡིན། ཛ་དྲག་གི་གནས་སྟངས་ཐོག་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་མཉམ་རུབ་ཀྱིས་གནོད་འཚེ་ཤུགས་ཆེན་ཕོག་པ་རྣམས་ལ་གང་ཐུབ་ཀྱིས་ངལ་སེལ་རོགས་སྐྱོར་ལས་གཞི་སྤེལ་བཞིན་ཡོད་པར་ཡི་རང་བསྔགས་བརྗོད་དང་འབྲེལ་ངོས་ཀྱིས་མངའ་སྡེའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་ངལ་སེལ་ལས་གཞིར་དམིགས་ནས་ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ཞལ་འདེབས་འབུལ་རྒྱུ་ཡིན་”གསུངས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།