༧གོང་ས་མཆོག་གིས་ཁོང་དགུང་ལོ་༡༠༠ ལ་སྡོད་རྒྱུའི་སྨོན་ལམ་རྒྱག་གི་ཡོད་ཅེས་གསུངས།

ཟླ་འདིའི་ཕྱི་ཚེས་༢ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་པདྨ་བཀོད་དང་། འཕན་པོའི་ལྷ་སྡེ་མི་སྡེ་ཡོངས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

14914800_265962410472488_1467876969_nདེ་ཡང་གཏེར་སྟོན་ནམ་མཁའ་དྲི་མེད་རབ་འབྱམས་དབུ་བཞུགས་ཐོག་དགེ་འདུན་པ་དྲུག་ཅུ་ལྷག་གིས་ཉིན་བདུན་རིང་༧གོང་ས་ལྔ་པ་ཆེན་པོའི་དག་སྣང་ཉེར་ལྔའི་ནང་ཚན། ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་མཁའ་འགྲོ་བསུན་ལྡོག་དང་འབྲེལ་བའི་བརྟན་བཞུགས་ཆོ་ག་སྒྲུབ་ཆོག་སྔོན་བཏང་ཐོག དེ་རིང་ཞོགས་པ་ཆུ་ཚོད་༨ ནས་བརྟན་བཞུགས་དངོས་སུ་དབུ་འཛུགས་གནང་བ་དང་། པདྨ་བཀོད་པ་མི་གྲངས་༡༣༠༠ ཡས་མས་དང་། འཕན་པོ་༡༨༠ ཡས་མས་ཙམ་བཅར་འདུག་ལ། དེ་བཞིན་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ཡུལ་གྲུ་སྣ་ཚོགས་ནས་ཡིན་པའི་མི་མང་ཧ་ཅང་མང་པོ་བཅར་ཡོད་པ་རེད།

དེ་ཡང་བརྟན་བཞུགས་བསྟར་འབུལ་སྐབས། ༧གོང་ས་མཆོག་གིས་གསུང་དོན་དུ། “དེ་རིང་རིན་པོ་ཆེ་རྡོ་རྗེ་སློབ་དཔོན་དུ་བཞུགས་ནས་ཁྱེད་རང་ཚོ་པདྨ་བཀོད་པ་དང་། འཕན་པོ་སྐྱིད་སྡུག་ཚོགས་པ། གང་ལྟར་ཁྱེད་རང་ཚོ་བྱེས་ལ་འཁོད་པའི་ཡུལ་མི་ཚོས་གཞིས་ལུས་མི་མང་ཚོའི་བསམ་པ་དང་འདུན་པའི་ཚབ་བྱས་ནས་དེ་རིང་བརྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ང་འདྲ་པོ་ཐ་མལ་པ་ཞིག་ལ་སྐྱེ་འཆིའི་རང་དབང་ཡོད་མ་རེད་དེ། སུ་དང་སུ་ཡིན་རུང་། ཕན་པ་དང་འདུན་པ་ཟེར་བ་དེ་གནད་འགག་ཆེན་པོ་ཡིན་དུས་ང་རང་གི་ངོས་ནས། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ། ཅེས་སྨོན་ལམ་རྟག་པར་རྒྱག་གི་ཡོད། ཚིག་ཙམ་གྱི་སྨོན་ལམ་མིན་པར་སྙིང་ཁུངས་རུས་པའི་གཏིང་ནས་སེམས་ཤུགས་སྐྱེ་ནས་ཉིན་རེ་བཞིན་དུ་སྨོན་ལམ་དེ་རྒྱག་གི་ཡོད། གང་ལྟར་ངའི་མི་ཚེ་ནང་ལ་དངོས་སུ་མིག་མཐོང་ལག་ཟིན་དུ་སངས་རྒྱས་ཀྱི་བསྟན་པ་དང་འགྲོ་བའི་དོན་ལ་ཕན་ཐོགས་གང་ལ་གང་འཚམ་ཞིག་ཡོང་གི་ཡོད་རེད། དེ་དང་ཆབས་ཅིག་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་འགྲོ་བའི་དོན་ལ་ཕན་ཐོགས་ཡོད་བསྡད་པ་ཞིག་གསལ་པོ་རེད།” ཅེས་ཁོང་གིས་ལོ་གང་མང་མང་ཞིག་ལ་འཚོ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད་སྐོར་དང་འདུན་པ་ཡོད་སྐོར་གསུངས་སོང་།

༧གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་གནང་དོན། “སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ཡང་ཕལ་ཆེར་པདྨ་བཀོད་ནས་ཡིན་པ་ཡོད། རིན་པོ་ཆེ་དགའ་ལྡན་ཕོ་བྲང་ལ་ཐུགས་ཞེན་ཧ་ལས་པ་ཡོད་རེད། ང་དེར་ཡ་མཚན་གྱི་ཡོད། ཕྱིས་སུ་ངོ་མཚར་འདྲ་སྐྱེས་ཀྱི་འདུག ངས་དེ་དུས་ཤུགས་ལྡན་བསྟེན་གྱི་ཡོད་རེད། རེད་དེ། རིན་པོ་ཆེས་བོད་བསྟན་སྲིད་ཀྱི་དོན་དུ་མཚན་ལམ་བྱུང་བ་དེ་འདྲ་ང་ལ་གསུང་གི་རེད། ཐུགས་ཁུར་ཞེ་དྲག་ཡོད་རེད། རིན་པོ་ཆེ་བཞུགས་པའི་སྐབས་སུ་ངས་རིས་མེད་ཀྱི་སྐྱེས་ཆེན་ཚོའི་སྐུ་མདུན་ནས་ཆོས་ཞུ་རྒྱུའི་འགོ་བཙུགས་ཡོད་མ་རེད། དེ་དུས་ངས་དོལ་རྒྱལ་བསྟེན་གྱི་ཡོད་རྐྱེན། ཆོས་བརྒྱུད་གཙང་མ་དགོས་རེད་ཟེར་ནས་རྙིང་མ་སོགས་ཀྱི་ཆོས་ཞུ་རྒྱུ་མ་བདེ་བ་ཡོང་གི་ཡོད་རེད། རྗེས་སུ་དོལ་རྒྱལ་བསྟེན་རྒྱུའི་ཐོག་ཕྱི་ནང་གི་བརྟག་པ་རིམ་པ་བྱས་ནས་ཕྱོགས་གཅིག་ནས་བསམ་བློ་བཏང་ན་ཕྱོགས་གཅིག་ནས་ཞུས་ན་ང་ལ་ཆོས་དད་རང་དབང་ཐོབ་པ་རེད། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་དབུས་པའི་བླ་མ་མང་པོ་ཞེ་དྲག་གི་སྐུ་མདུན་ནས་ཆོས་ཞུས་པ་རེད། དེ་དུས་བདུད་འཇོམས་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་ན་ངས་ཆོས་ཏན་ཏན་ཞུ་ཡི་རེད། བདུད་འཇོམས་རིན་པོ་ཆེ་པདྨ་བཀོད་ནས་ཡིན་དུས་དམིགས་བསལ་གྱིས་འབྲེལ་བ་ཡོད་རེད། ཁྱེད་རང་ཚོ་པདྨ་བཀོད་པ་ཚོ་རྒྱ་གར་བྱང་ནས་འདིར་ས་ཐག་རིང་པོ་ཡོད་རེད་དེ། དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་བརྟན་བཞུགས་སྨོན་ལམ་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡིན།”ཞེས་གསུངས་སོང་།

14958409_265964557138940_1991435131_n༧གོང་ས་མཆོག་གིས་ཁོང་གི་སྐུ་ཚེའི་གནས་བབས་དང་འབྲེལ་ནས་གསུང་དོན། “གཏེར་སྟོན་ཉི་གྲགས་སོགས་གཏེར་སྟོན་ཁ་ཤས་ཀྱི་ལུང་དུ་ལོ་༡༡༣ འཚོ་ཡི་རེད་གསུངས་ཡོད་རེད། དེ་ཕལ་ཆེར་ང་མིན་ནམ་བསམ་གྱི་འདུག ང་རང་གི་རྨི་ལམ་ནང་ཡང་ལོ་༡༡༣ འཚོ་ཡི་ཡོད་པའི་རྨི་ལམ་བྱུང་སོང་། རེད་དེ། ད་དེ་འདྲ་སྡོད་རྒྱུ་ཁག་པོ་མིན་ནམ་བསམ་གྱི་འདུག ད་ཡིན་ན་ཡང་། ལོ་༡༠༠ ཐམ་པ་སྡོད་རྒྱུའི་སྨོན་ལམ་རྒྱག་གི་ཡོད་ལ། ད་དུང་ལོ་བཅོ་ལྔ་ཉི་ཤུ་འཚོ་ཐུབ་ཀྱི་རེད། གལ་ཆེ་ཤོས་དེ་ང་བསྡད་ནས་མི་ལ་ཕན་པ་ཞིག་དགོས་རེད་མ་གཏོགས་དེ་ག་ཙམ་རྒྱལ་བ་རིན་པོ་ཆེ་ཡོད་པ་ཙམ་གྱིས་གང་ཕན་གྱི་མ་རེད། བྱས་ཙང་། ཕན་པའི་སླད་དུ་མཆོད་པ་བྱ་བ་ནི།། གོ་པའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན།། ཞེས་སྐྱེས་རབས་ལས་གསུངས་བསྡད་པ་དེ་རེད། ང་རང་གིས་ངོས་ནས་ག་ཚོད་ཐུབ་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སོགས་ལ་ཉམས་ལེན་བྱེད་ཀྱི་ཡོད། ཉམས་ལེན་བྱས་ནས་ང་རང་གི་སེམས་རྒྱུད་ལ་ཕན་གྱི་འདུག སེམས་ལ་ཞི་བདེ་སླེབས། དེའི་རྐྱེན་གྱིས་ལུས་ཀྱི་འབྱུང་བ་སྙོམས་ནས། ཆགས་སྡང་གི་བློ་ཡང་དུ་ཕྱིན་པའི་སྐབས་སུ་སེམས་ལ་ཞི་བདེ་སླེབས་ཀྱི་འདུག ཞི་བདེ་སླེབས་སྐབས་སུ་ལུས་ཀྱི་འབྱུང་བ་སྙོམས་པོ་ཡོང་གི་འདུག ངའི་ཆོས་གྲོགས་ཚོར་ང་རང་གི་ཉམས་མྱོང་གི་ཐོག་ནས་བཤད་སྡོད་ཀྱི་ཡོད། ཆོས་ཟེར་བ་དེ་ཁ་ནས་འདོན་རྒྱུའི་སྐད་ཆ་མིན་པར། སེམས་རྒྱུད་འདུལ་དགོས་ཀྱི་རེད། སེམས་རྒྱུད་མ་འདུལ་བ་བཟོ་མཁན་དེ་ཆགས་སྡང་རེད། དེ་ལ་དོ་སྣང་གང་ཡང་མ་བྱས་ནས་ཆོས་བྱེད་ཀྱི་ཡིན་ཟེར་ན་ཡོང་རྒྱུ་གང་ཡོད་མ་རེད། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། གསུངས་པ་བཞིན་སངས་རྒྱས་ཀྱི་ཆོས་ལ་བརྟེན་ནས་སེམས་རྒྱུད་འདུལ་དགོས་རེད་མ་གཏོགས་སེམས་རྒྱུད་མ་དུལ་ན་སྔགས་ལོ་ནས་ལོ་བགྲང་ན་ཡང་ཆོས་སུ་གསུངས་ཡོད་མ་རེད། སེམས་རྒྱུད་དུལ་ན་གཟུངས་སྔགས་ལན་གཅིག་བགྲང་ན་ཡང་འགྲིག་གི་ཡོད་རེད། ཆོས་ལ་དད་པ་མེད་མཁན་ཞིག་ཡིན་ན་ཡང་སེམས་རྒྱུད་འདུལ་དགོས་རེད།  ང་རང་ཚོ་ཆོས་དད་ཡོད་མཁན་དང་། དེའི་ནང་ནས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་། ལྷག་པར་དུ་བོད་གངས་ཅན་ལྗོངས་སུ་ཡོད་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཉམས་ལེན་བྱེད་མཁན་ཞིག་གིས་སེམས་རྒྱུད་མ་དུལ་ན་བསྟན་པའི་ཞབས་འདྲེན་རེད། དེས་སངས་རྒྱས་ཀྱི་བསྟན་པ་ལ་ཕན་རྒྱུའི་ཚབ་ལ་གནོད་ཀྱི་རེད། དེར་བརྟེན་ཚང་མས་སེམས་རྒྱུད་འདུལ་ཐབས་གནང་རོགས། ཁྱེད་རང་ཚོས་ཚེ་རིང་པོ་ཡོང་རྒྱུའི་ཆེད་དུ་ཡར་བརྟན་བཞུགས་ཕུལ་གྱི་ཡོད་རེད། ངས་མར་ཁྱེད་རང་ཚོ་ཚང་མ་སེམས་རྒྱུད་དུལ་བ་དང་། ཆོས་ཆོས་སུ་སོང་བ། བཅོམ་ལྡན་འདས་ཀྱི་རྗེས་འབྲང་རྣལ་མ་ཞིག་བྱེད་རོགས་ཞེས་སྐྱབས་འཇུག་ཞུ་ཡི་ཡོད།” ཅེས་བཀའ་སློབ་ལམ་སྟོན་གནང་སོང་།།

གསར་འགོད་པ་བཀྲ་ཤིས་དོན་གྲུབ།