༧གོང་ས་མཆོག་དགུང་ལོ་༡༡༣ བར་བཞུགས་རྒྱུ་ཡིན་པ།

༧གོང་ས་མཆོག་གིས་ཐུགས་དགྱེས་པོའི་ཐོག་ནས། ད་ལྟའི་ཆར་སྐུ་གཟུགས་བདེ་པོ་ཡིན་པ་དང། སྔ་མ་ནས་ཁོང་གི་གཟིམ་ལམ་ནང་ལ་ཁོང་དགུང་ལོ་༡༡༣ བར་བཞུགས་པའི་རྟེན་འབྲེལ་ཡང་ནས་ཡང་དུ་ཡོང་བསྡད་ཀྱི་ཡོད་པས།  བློ་བདེ་པོའི་ངང་བཞུགས་རོགས་ཞེས་གསུངས་འདུག

139_109_2016_4_16དེ་ཡང་ཟླ་འདིའི་ཚེས་༡༦ ཉིན་དྷ་ས་མེག་གྷན་རྣམ་རྒྱལ་གྲྭ་ཚང་གི་དཔེ་མཛོད་དུ་ཤར་རྩེ་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་གྱིས་འཛམ་གླིང་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་ཚོགས་གནང་སོང་བ་དང།  ཁོང་གིས་གསུང་དོན་ལ། ཟླ་འདིའི་ཚེས་༡༤ ཉིན་དྷ་ས་མེག་གྷན་ལ་དགའ་ལྡན་ཁྲི་རིན་པོ་ཆེ་དབུས་པའི་དགེ་ལུགས་ཀྱི་གྲྭ་ཚང་༩ཡི་མཁན་རིན་པོ་ཆེ་རྣམ་པ་དང་གྲྭ་ཚང་༢ ཀྱི་མཁན་ཚབ་བཅས་མཉམ་ཞུགས་ཐོག ཉེ་ཆར་༧གོང་ས་མཆོག་ཐུགས་ཕམ་དང་དགོངས་པ་འཁྲུག་བྱུང་བས། དེ་སེལ་ཆེད་དུ་གང་བྱེད་དགོས་མིན་ཐོག་ལྷན་ཚོགས་བྱས་ཡོད་པ་རེད། སྐབས་དེར་གྲོས་ཆོད་གསུམ་བཞག་ཡོད་འདུག་པ་དང། ༡༽༧གོང་ས་མཆོག་གི་ལྷ་དགོངས་འཁྲུག་པ་དང། ཐུགས་འཚབ་བྱུང་བ། ཐུགས་ཕམ་བྱུང་བ་དེ་དག་སེལ་བའི་ཐབས་ཤེས་ལ། ང་ཚོ་རི་བོ་དགེ་ལྡན་པའི་ཕྱོགས་ནས་སྒོ་གསུམ་ཐོག་ནས་ནུས་པ་ཡོད་ཚད་ཐམས་ཅད་བཏོན་ཏེ་ག་རེ་ཡིན་ཡང་བསྒྲུབ་རྒྱུ་ཡིན།

༢༽ང་ཚོའི་བོད་པའི་སྤྱི་ཚོགས་ནང་ལ་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ལྔ་ཡོང་སུ་རྫོགས་པ་རྡོག་རྩ་ཆིག་སྒྲིལ་དགོས་པ་ཤིན་ཏུ་གལ་ཆེན་མཐོང་བ་དང། བར་ལམ་ལས་རིམ་སྣ་ཚོགས་ཀྱི་རྐྱེན་ལ་བརྟེན་ནས་དེ་ལ་ཉམས་རྒུད་བྱུང་ཡོད་པའི་དོགས་ཟོན་ཡོང་གི་འདུག་པས། ༧གོང་ས་མཆོག་ཀྱང་དེ་ལ་ཐུགས་འཚབ་ཡོང་གི་ཡོད་པ་དྲན་གྱི་ཡོད། དེ་འདྲ་སོང་ཙང་ང་ཚོ་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་སྤྱི་ཡོངས་ནས་ཆོས་བརྒྱུད་གཞན་གྱི་དབུ་ཁྲིད་ཚོར་བོད་མི་ཚང་མ་ལ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་གནང་རྒྱུ་གལ་ཆེན་ཡིན་སྐོར་གྱི་བཀའ་སློབ་ལམ་སྟོན་ཡང་ནས་ཡང་དུ་གནང་རོགས་ཞེས་གསོལ་འདེབས་ཞུ་ཡི་ཡོད།

༣༽བཀའ་སྤྱི་གཉིས་ཀྱིས་བོད་གཞི་བྱེས་གཉིས་ཀྱི་བོད་མི་ཡོངས་རྫོགས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གོང་བུའི་སྟོབས་ཤུགས་ལ་དོ་ཕོག་ཅུང་ཟད་ཙམ་ཡང་མི་འབྱུང་ཆེད་འབད་པ་ལྷོད་མེད་གནང་སྐྱོང་ཡོང་བ་དང། ལྷག་པར་དུའང་ད་ལམ་བཀའ་ཁྲི་ཟུར་པ་རྣམ་པ་དང། སྤྱི་འཐུས་ཚོགས་ཟུར་རྣམ་པ། བཀའ་ཟུར་རྣམ་པ་བཅས་ཟླ་༤ ཚེས་༡༡ ཉིན་བཀའ་སྤྱི་ལྷན་རྒྱས་སར་ཆེད་བཅར་གྱིས་ཛ་དྲག་གི་གནད་དོན་རེ་བསྐུལ་དོན་ཚན་ལྔ་སྙན་སེང་ཞུས་པ་རྣམས་གང་མགྱོགས་ཕྱག་ལེན་གནང་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང་ནས། བཀ་སྤྱི་ལྷན་རྒྱས་ནས་དོན་ཚན་དེ་དག་ཅིས་ཀྱང་ཕྱག་ལེན་དུ་འཁེལ་བ་གནང་སྐྱབས་ཡོང་བའི་རེ་སྐུལ་ཞུ་ཡི་ཡོད། བཅས་གྲོས་ཆོད་གསུམ་པོ་འདི་བཞག་ཡོད་པ་དང། གྲོས་ཆོད་གསུམ་པ་འཁོད་པའི་སྙན་ཞུ་ཞིག་བཀའ་སྤྱི་གཉིས་ལ་སྤྲད་ཡོད་པ་རེད་འདུག

ཁོང་གིས་མུ་མཐུད་གསུང་དོན་ལ། ཁོང་རྣམ་པས་ལྷན་ཚོགས་ཀྱི་གྲོས་ཆོད་དེ་༧གོང་ས་མཆོག་ལ་སྙན་སེང་ཞུས་པ་དང་འབྲེལ་༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བཞུགས་པའི་གསོལ་འདེབས་ཞུས་ཡོད་འདུག་པས། ཟླ་འདིའི་ཚེས་༡༥ ཉིན་ཁོང་རྣམས་༧གོང་ས་མཆོག་ལ་མཇལ་འཕྲད་བྱུང་ནས། ༧གོང་ས་མཆོག་གིས་ཐུགས་དགྱེས་པོའི་ཐོག་ནས། ད་ལྟའི་ཆར་སྐུ་གཟུགས་བདེ་པོ་ཡིན་པ་དང། སྔ་མ་ནས་ཁོང་གི་གཟིམ་ལམ་ནང་ལ་ཁོང་དགུང་ལོ་༡༡༣ བར་བཞུགས་པའི་རྟེན་འབྲེལ་ཡང་ནས་ཡང་དུ་ཡོང་བསྡད་ཀྱི་ཡོད་པས།  བློ་བདེ་པོའི་ངང་བཞུགས་རོགས་ཞེས་གསུངས་ཡོད་སྐོར་འགྲེལ་བརྗོད་བྱས་སོང།།
གསར་འགོད་པ་སྐལ་བཟང་དོན་གྲུབ།