༧གོང་ས་མཆོག་དང་བོད་མི་རིགས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༠༢  ཕྱི་ལོ་ ༢༠༡༦/༧/༦
སྤྱིར་བོད་གངས་ཅན་ལྗོངས་ནི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན་པ་དང། ༧གོང་ས་སྐུ་ཕྲེང་ན་རིམ་ནི་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པར་ངོས་འཛིན་བྱེད་པའི་བོད་མི་རིགས་ནི། དུས་ནམ་ཡང་༧གོང་ས་མཆོག་དང་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་འདི་ཉིད་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་སེམས་ནང་དུ་༧གོང་ས་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་ཆེས་བག་ཆགས་ཟབ་ཤོས་དང། དད་གུས་ཆེ་ཤོས་སུ་གྱུར་ཡོད། དེ་ཡང་དུས་རབས་ཉེར་གཅིག་པ་ནི་གོ་ལ་ཧྲིལ་པོ་ལག་མཐིལ་དུ་ཡོད་པ་ལྟ་བུའི་བརྡ་འཕྲིན་གྱི་དུས་རབས་ཤིག་ཏུ་གྱུར་ཡོད་པས། གཞིས་བྱེས་བོད་ཚང་མ་ཕན་ཚུན་འབྲེལ་འདྲིས་ཆེ་ཤོས་ཀྱི་དུས་སུ་གྱུར་ཡོད་པ་དེས་ཀྱང་ཤུགས་རྐྱེན་ཡོད་ངེས་རེད་ལ། གཙོ་ཆེ་ཤོས་༧གོང་ས་མཆོག་སྐུ་ན་ཕྲ་དུས་ནས་བོད་མི་རིགས་ཀྱི་ཆེད་དུ་སྐུ་ཚེ་ཧྲིལ་པོ་བཏང་ནས་བོད་མི་རིགས་ཀྱི་སེམས་གཏིང་དུ་ཆེས་ཟབ་པའི་བག་ཆགས་ཤིག་ཀྱང་བཞག་ཡོད་པ་རེད།
བོད་མི་རྩམ་ཟན་ཡོངས་ཀྱི་མགོན་དང་དཔུང་གཉེན་དམ་པར་གྱུར་པ་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དེ་རིང་དགུང་གྲངས་ཧྲིལ་པོ་༨༡ ཏུ་ཕེབས་ཟིན་པ་དང། བོད་ལུགས་ལྟར་ན་དགུང་གྲངས་༨༢ སུ་ཕེབས་ཟིན་པ་རེད། ཁོང་གིས་བོད་མི་རིགས་ཀྱི་མགྲིན་ཚབ་པ་ལྟ་བུ་གནང་ནས་བོད་པའི་རྩ་དོན་དེ་རྒྱལ་སྤྱིའི་ཐོག་ལ་ཁྱབ་གདལ་དུ་བཏང་བ་དང། རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཡང་ཆེན་པོ་སླེབས་ཐུབ་པ་བཟོས་ཡོད། ༧གོང་ས་མཆོག་ནི་བོད་མི་རིགས་ཀྱི་སེམས་ངོགས་སུ་ཚེ་འདིའི་མགོན་སྐྱབས་དང། ཚེ་ཕྱི་མའི་ལམ་སྟོན་ཉག་གཅིག་ཏུ་བརྩི་བཞིན་ཡོད་པ་དང། མགོན་པོ་གང་ཉིད་དགུང་གྲངས་བརྒྱད་ཅུ་བརྒལ་ཟིན་པའི་གནས་སྟངས་འདི་ལ་བསམ་བློ་ཞིག་བཏང་ན་བོད་པ་སྤྱི་ཡོངས་ཀྱི་ངོས་ནས་སེམས་འཚབ་སྐྱེ་བཞིན་ཡོད་པ་མ་ཟད། ད་བར་བོད་མི་རིགས་ཀྱི་མགོན་སྐྱབས་མཛད་པའི་བཀའ་དྲིན་ཡང་སེམས་གཏིང་ནས་མི་དྲན་མཁན་ཧ་ལམ་བོད་པའི་སྤྱི་ཚོགས་ནང་གཏན་ནས་མེད་ཅེས་བརྗོད་ཀྱང་ཆོག་པ་ཞིག་རེད།
དེར་བརྟེན་མགོན་པོ་གང་ཉིད་སྐུ་ཚེ་ཡུན་དུ་བརྟན་མིན་དང། བོད་མི་རིགས་ཀྱི་ལས་དབང་དང་བདེ་སྡུག་གཉིས་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་གནས་ཡོད་པ་དང། དེ་ཡང་གཙོ་ཆེ་ཤོས་བོད་མི་རྣམས་ནང་ཁུལ་དུ་ཁ་ཞེ་གཉིས་མེད་དང་མཐུན་ལམ་གཅིག་སྒྲིལ་བྱེད་ཐུབ་མིན་འབའ་ཞིག་ལ་རག་ལས་ཡོད། དེའི་ཆེད་དུ་བོད་མི་ཡོངས་རྫོགས་ཀྱི་བསམ་བློ་གཏིང་ཟབ་གཏོང་ཐུབ་མིན་ནི། དོན་གྱིས་བོད་མི་རིགས་ལ་ཤ་ཚ་ཡོད་མེད་དང། བོད་ཀྱི་རྩ་དོན་ལ་སེམས་ཁུར་ཡོད་མེད་འབའ་ཞིག་ལ་ཐུག་ཡོད། སྤྱིར་རྡོག་རྩ་གཅིག་སྒྲིལ་ཞེས་པ་དེ་མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་འདྲ་བ་དང། ལངས་ཕྱོགས་མི་འདྲ་བ་ཡོད་མི་ཆོག་པའི་དོན་དག་གཏན་ནས་མ་ཡིན་པར། རང་ཉིད་ལ་ཡིད་ཆེས་རྙེད་པའི་ལངས་ཕྱོགས་དང་བསམ་ཚུལ་གང་ཡོད་གཙོ་བཟུང་ཐོག་བོད་མི་རིགས་ཀྱི་རྩ་དོན་ཆེད་དུ་སྐེ་བཅད་ཀྱང་སྐེ་འཕྲོ་འོ་མ་ཞེས་པ་ལྟ་བུ་ཡིན་ན། བྱ་བ་གང་ཡིན་ཡང་བྱེད་སྟངས་ཙམ་ལ་རག་མི་ལས་པར་ཀུན་སློང་དང་དམིགས་ཡུལ་ལ་བརྟེན་ནས་ཕན་ཐོགས་མེད་པ་ཞིག་ཏུ་འགྱུར་མི་སྲིད་པ་རེད།
རྩ་དོན་འཐབ་རྩོད་ཀྱི་ཆ་ནས་རང་བཙན་གྱི་ལངས་ཕྱོགས་བཟུང་བ་ཙམ་གྱིས་༧གོང་ས་མཆོག་གི་ཁ་གཏད་ཡིན་པ་ཞིག་གཏན་ནས་མིན་ལ། ལམ་དབུ་མའི་ལངས་ཕྱོགས་བཟུང་བ་ཙམ་གྱིས་༧གོང་ས་མཆོག་གི་དགོངས་གཞི་སྒྲུབ་མཁན་ཡིན་པའི་ངེས་པ་གཏན་ནས་མེད། གཙོ་ཆེ་ཤོས་སྒེར་དོན་ཁོ་ན་དོན་དུ་གཉེར་མིན་དང་སྤྱི་པའི་རྩ་དོན་ལ་སེམས་ཁུར་ཡོད་མེད་ཁོ་ནའི་ཐོག་ནས་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ཡིན་མིན་དབྱེ་བ་འབྱེད་དགོས། དེང་སྐབས་བོད་པའི་སྤྱི་ཚོགས་ནང་༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ང་དང། ངའི་འབྲེལ་ཡོད་ཁོ་ན་ལས་མེད་པའི་ཐབས་ཤེས་བྱེད་པ་དང། རང་ཉིད་ཀྱི་སྣང་བར་མི་འགྲོ་བའི་མི་དེ་དག་ཐམས་ཅད་༧གོང་ས་མཆོག་ལ་དད་གུས་མི་བྱེད་མཁན་འབའ་ཞིག་ཡིན་པ་སྒྲུབ་ཐབས་དང། ཡིན་དགོས་པ་ལྟ་བུའི་ལངས་ཕྱོགས་འཛིན་མཁན་དག་ནི་དོན་གྱིས་མང་གཙོ་ལ་རྒྱབ་ཀྱིས་ཕྱོགས་པ་དང། ༧གོང་ས་མཆོག་ཀྱང་རང་ཉིད་ཀྱི་ལག་ཆ་ཙམ་དུ་བརྩིས་པ་ཞིག་རེད་སྙམ།
མདོར་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས་ཉག་གཅིག་ཏུ་ངོས་འཛིན་གཏན་འབེབས་བྱས་པ་ནི་དོན་ལ་གནས་པའི་བྱ་བ་ཞིག་རེད། ཆབ་སྲིད་ཀྱི་ལངས་ཕྱོགས་དང། ཆོལ་ཁ་དང་ཆོས་བརྒྱུད་ག་འདྲ་ཞིག་ནས་ཡིན་ཡང་དོན་དངོས་སུ་༧གོང་ས་མཆོག་སེམས་ནང་གི་ནོར་བུ་ཉག་གཅིག་ཏུ་ངོས་འཛིན་བྱེད་དགོས་པ་ཞིག་རེད་ལ། བྱེད་བཞིན་པ་ཞིག་ཀྱང་ཡིན་པ་ནི་ཕྱོགས་གང་ནས་བལྟས་ཀྱང་གསལ་ཐག་ཆོད་རེད། ད་ལྟ་བོད་དོན་ཛ་དྲག་གཉན་འཕྲང་གི་དུས་སྐབས་འདི་འདྲ་ཞིག་ཏུ་གྱུར་སྐབས། སྐུ་བཅར་ལས་བྱེད་པ་རེ་ཟུང་དང། ༧གོང་ས་མཆོག་གིས་ཐུགས་མཉེས་པོ་ཡོད་པའི་རྣམ་འགྱུར་སྟོན་མཁན་ཁ་ཤས་ཀྱིས་རིས་བཅད་ཀྱི་བྱེད་སྟངས་འདྲ་མིན་ལ་བརྟེན་བོད་མི་མང་པོ་ཞིག་༧གོང་ས་མཆོག་ལ་དད་གུས་མི་བྱེད་མཁན་ཡིན་པ་དང། ༧གོང་ས་མཆོག་ཀྱང་དེ་དག་ལ་ཐུགས་མཉེས་པོ་མེད་པ་ལྟ་བུའི་རྣམ་འགྱུར་ཕྱིར་བསྒྲགས་བྱེད་བཞིན་པ་འདི་དག་མཚམས་མ་བཞག་ན་འཕྲལ་ཕུགས་གང་ཐད་ནས་བོད་སྤྱི་པའི་རྩ་དོན་ལ་གནོད་སྐྱོན་འབའ་ཞིག་ཏུ་འགྱུར་ངེས་རེད།།