༧གོང་ས་མཆོག་དད་ལྡན་ཁྲི་ཚོ་གཅིག་ལྷག་གི་ཕེབས་བསུའི་ཁྲོད་ནས་ཨ་རིར་ཞབས་སོར་བདེ་བར་འཁོད།

ཟླ་འདིའི་ཚེས་༢༣ ་ཉིན་དད་ལྡན་སེར་སྐྱ་མི་མང་སྟོང་ཕྲག་བཅུ་ཙམ་གྱིས་ཕེབས་བསུ་ཟབ་རྒྱས་ཞུས་པ་དང་སྦྲགས་༧གོང་ས་མཆོག་ཨ་རིར་ཞབས་སོར་བདེ་བར་འཁོད་འདུག

པར། ༧རྒྱལ་བ་རིན་པོ་ཆེ།

༧གོང་ས་མཆོག་ཞབས་པུས་སྨན་བཅོས་ཆེད་ཟླ་འདིའི་ཚེས་༢༣ ་ཉིན་གྱི་སྔ་དྲོའི་ཕྱག་ཚོད་༩ པ་ཡོལ་ཙམ་ལ་སུད་སིའི་གྲོང་ཁྱེར་ཛུ་རིག་ནས་དམིགས་བསལ་གནམ་གྲུ་བརྒྱུད་ཨ་རིའི་མངའ་སྡེ་ནིའུ་འཇར་སི་ཡི་ཁྲལ་ཁྲ་སྦོའོ་རོ་(Teterboro) གནམ་ཐང་དུ་ཕེབས་འབྱོར་སྐབས།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་དང་ཕྱག་རོགས་སུ་དོན་ཁང་ལས་བྱེད་ཚུལ་ཁྲིམས་རྒྱ་མཚོ།  ནིའུ་ཡོག་ཏུ་བཅའ་བཞུགས་རྒྱ་གར་གཞུང་ཚབ་ཁང་གི་གནད་ཡོད་ལས་བྱེད་(Dr. Varun Jeph) ་དང་། (Avdhesh Kumar) དང་། (Abhimanyu Gehlaut) །  སེར་བྱེས་མཁན་རིན་པོ་ཆེ་བཀྲ་ཤིས་ཚེ་ཐར།  ཨ་ཀྱ་རིན་པོ་ཆེ་སོགས་བླ་སྤྲུལ་དགེ་བཤེས་གཙོས་པའི་དད་ལྡན་བོད་སོག་མི་མང་སྟོང་ཕྲག་བཞི་ལ་ཉེ་བས་ཕྱག་ཏུ་མེ་ཏོག་དང་བདུག་སྤོས། དཀར་གཙང་གི་མཇལ་དར་དང་བོད་ཀྱི་རྒྱལ་དར་སོགས་བསྣམས་ནས་ཕེབས་བསུ་ཟབ་རྒྱས་ཞུས་རྗེས། རིན་པོ་ཆེ་མཆོག་ཨ་རིའི་གཞུང་གིས་གྲ་སྒྲིག་ཞུས་པའི་ཕེབས་གྲུར་བཞུགས་ཏེ།  ཆུ་ཚོད་བཅུ་པ་ཙམ་ལ་ནིའུ་ཡོག་གྲོང་ཁྱེར་ནང་གི་བཞུགས་གནས་ (Park Hyatt) སྐར་མ་ལྔ་ལྡན་གྱི་མགྲོན་ཁང་དུ་ཞབས་སོར་བདེ་བར་འཁོད་འདུག
མགྲོན་ཁང་གི་གཟིམ་སྒོའི་མདུན་དུ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་བདག་མོ་སྐུ་ཞབས།  ར་སྟོད་མཁན་ཟུར་དགེ་བཤེས་ཐུབ་བསྟན་ལྷུན་གྲུབ་ལགས།  རྒྱལ་བ་ཀརྨ་པ་མཆོག་གི་གཅེན་མོ་ལྕམ་སྲིང་དངོས་གྲུབ་དཔལ་འཛོམས། ནིའུ་ཡོག་ནིའུ་འཇར་སི་དང་ཉེ་འཁོར་ས་གནས་ནས་ཕེབས་པའི་བླ་སྤྲུལ་དགེ་བཤེས་དང་།  ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་དང་རྒྱུན་ལས།  མགྲོན་ཁང་གི་ཚོམས་ཆེན་ནང་དུ་ནིའུ་ཡོག་རྒྱ་གར་གཞུང་ཚབ་ཁང་གི་སྐུ་ཚབ་ (Vishal Harsh) ལགས་དང་། རྣམ་གྲྭའི་ནང་ཆོས་སློབ་གཉེར་ཁང་གི་འགན་འཛིན་བསྟན་འཛིན་ཆོས་བཟང་སོགས་སེར་སྐྱ་མང་ཚོགས་སྟོང་ཕྲག་ལྔ་ལྷག་གིས་བོད་ལུགས་ཀྱི་ཕེབས་བསུ་ཟབ་ཅིང་རྒྱས་པ་ཞུས།
དེ་བཞིན་ནིའུ་འཇར་སི་དང་ནིའུ་ཡོག་གཉིས་ཀའི་ཕེབས་བསུ་ཞུ་མཁན་གྱི་ཁོངས་སུ་ཁེ་ནེག་ཀྲི་ཀ་ཊི་དང་།  སྦོ་སི་ཊོན།  མལ་སི་ཆུ་སི།  ཀྲོ་རོན་ཊོ།  ཝན་ཁུ་བ།  ཕི་ལ་རྡལ་ཕི་ཡང་།  སྦོལ་ཊི་མོན།  མལ་རི་ལན་ཊ་སོགས་ཁེ་ན་ཊ་དང་ཉེ་བའི་ས་གནས་ཁག་ནས་ཁྱོན་བསྡོམས་མང་ཚོགས་སྟོང་ཕྲག་བཅུ་ལ་ཉེ་བ་ཕེབས་བསུར་བཅར་ཡོད་འདུག
དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་དང་།  སྐུའི་བླ་སྨན་ནས་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་གནང་བར་གཞིགས་ན།  ད་ལྟའི་ཆར་ཉིན་ཤས་རིང་སྐུའི་འཕྲོད་བཞེས་ཀྱི་བྱེད་སྒོ་ཁོ་ན་ལས་དེ་མིན་པའི་མཛད་ཆར་རིགས་གང་ཡང་མེད་ཅིང་།  གནས་ཚུལ་གསར་པའི་རིགས་ཡོད་ཚེ།  སྐབས་མཚམས་སོ་སོར་གསལ་བསྒྲགས་ཞུ་རྒྱུ་ཡིན་འདུག ཐེངས་འདིར་༧གོང་ས་མཆོག་ཨ་རི་ལ་ཕེབས་པ་ནི་ཕྱི་ལོ་༢༠༡༧ རྗེས་ཀྱི་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་བཅུ་ཕྲག་ལྷག་གིས་༧གོང་ས་མཆོག་ཨ་རིར་ཞབས་སོར་འཁོད་པ་དང་འབྲེལ་བའི་གནས་ཚུལ་མང་དག་ཅིག་སྤེལ་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།