༧གོང་ས་མཆོག་ནས་༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འདིང་འཇོག་མཛད་འདུག
ཟླ་༡ པོའི་ཚེས་༣ ཉིན་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འདིང་འཇོག་གནང་ཡོད་པ་རེད་འདུག དེ་ཡང་གོང་ཚེས་ཉིན་༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་ས་ཚིགས་སུ་༧གོང་ས་མཆོག་ཞབས་སོར་བདེ་བར་འཁོད་མཚམས། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་ཁག་གཅིག་ནས་ཤིས་བརྗོད་གསུང་འདོན་དང་འབྲེལ་༸གོང་ས་མཆོག་གིས་ལྟེ་གནས་ཁང་གི་རྩིག་རྨང་འདིང་འཇོག་མཛད་འདུག
སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། གནས་མཆོག་ཁྱད་པར་ཅན་རྡོ་རྗེ་གདན་གྱི་གནས་འདིར་ཆོས་དད་ཡོད་མེད་ལ་མ་ལྟོས་པར་སངས་རྒྱས་ལ་དགའ་མོས་བྱེད་མཁན་དང་། གཙོ་བོ་སངས་རྒྱས་ཀྱི་གསུང་ལས་བྱམས་བརྩེ་ཟེར་བ་དེ་དངོས་གནས་དྲང་གནས་འཛམ་གླིང་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པས་ཚང་མས་གལ་ཆེན་པོ་བརྩི་ཡི་ཡོད། རྡོ་རྗེ་གདན་ཞེས་པའི་གནས་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱམས་བརྩེ་རྩ་བར་གྱུར་པའི་སངས་རྒྱས་ཀྱི་སྤྱོད་ཚུལ་གསར་དུ་བཙུགས་ཤིང་། འདི་ནས་ཡར་རྒྱས་ཕྱིན་པ་ཞིག་ཡིན་པས། དེ་ལ་ཚང་མས་དམིགས་བསལ་ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། སངས་རྒྱས་པའི་ཆོས་ཞེས་པ་དེ་རང་རང་སོ་སོའི་ལྟ་གྲུབ་ལྟ་བུ་ཁྱེར་བ་ཙམ་མ་ཡིན་པར་སེམས་ཅན་ཐམས་ཅད་སྡུག་བསྔལ་མི་འདོད་པ་དང་། བདེ་བ་འདོད་པ་ཤ་སྟག་ཡིན་སྟབས་ཐམས་ཅད་ལ་བདེ་བ་འཐོབ་པ་ཞིག་དང་། སྡུག་བསྔལ་མ་བྱུང་ན་སྙམ་པའི་ཡིད་སྨོན་བྱེད་པ་ཙམ་མ་ཡིན་པར་སྡུག་བསྔལ་གྱི་རྩ་བ་དེ་སེམས་ཀྱི་ཞེ་སྡང་དང་། རང་གཅེས་འཛིན་གྱིས་བྱེད་ཀྱི་ཡོད་ཅིང་། བདེ་སྐྱིད་ཅེས་པ་དེ་གཞན་གཅེས་འཛིན་གྱི་ཐོག་ནས་ཡོང་གི་ཡོད་པ་དེ་ངེས་དགོས། དེ་དངོས་ཡོད་གནས་ཚུལ་རེད། ཆོས་ཀྱི་སྐད་ཆ་མ་རེད། དེང་སང་འཛམ་གླིང་གི་ཚན་རིག་མཁས་པ་མང་པོ་ཞིག་གིས་སེམས་ལ་ཞི་བདེ་ཡོད་ན་ལུས་ངག་གི་བྱ་བ་ཚང་མ་འཚེ་བ་མེད་པའི་ཞི་བདེ་ཡོང་ཐུབ་པ་དང་། སེམས་ལ་ཞི་བདེ་མེད་ན་ཕྱི་རྟགས་སུ་འདྲ་ཆགས་པོ་དང་ཡིད་དུ་འོང་བ་གང་འདྲ་ཞིག་ཡོད་ནའང་སྦུག་ཏུ་ཞེ་སྡང་གིས་ཀུན་ནས་སླངས་ཡོད་ན་གང་བྱས་ཀྱང་སྡུག་བསྔལ་ཡོང་རྒྱུ་ཡིན། ཆོས་ཁས་བླངས་ནའང་རེད། མ་བླངས་ནའང་རེད། གང་ལྟར་སེམས་པ་བཟང་པོ་བྱེད་ན་ཆོས་དང་ཞི་བདེའི་རྩ་བ་ཆགས་ཡོད། དེ་འདྲ་ཡིན་དུས་སེམས་པ་བཟང་པོ་བྱ་རྒྱུ་དེ་ང་ཚོ་ཚང་མའི་ལས་འགན་རེད་ལ་འབད་རྩོན་བྱེད་འོས་པ་ཞིག་རེད། གཞན་དོན་དོན་གཉེར་གྱི་བློ་དེ་ཡག་པོ་ཡོད་ན་ཞི་བདེའི་ལྡོག་ཕྱོགས་ཁོང་ཁྲོ་དང་། ང་རྒྱལ། ཕྲག་དོག་སོགས་རང་བཞིན་གྱིས་འཇོམས་འགྲོ གཞན་དོན་དོན་གཉེར་གྱི་བློ་དགའ་རབ་ཡོད་ན་རང་ལ་སྐུར་བ་འདེབས་མཁན་དང་ཕྲག་དོག་བྱེད་མཁན་ཚོ་ལ་ཡིན་ནའང་སོ་སོའི་ཁམས་དང་མོས་པ་རེད། དེ་དག་གིས་ཀྱང་སེམས་པ་བཟང་པོ་ཁྱེར་གྱི་ཡོད། ཡག་པོ་རེད་བསམ་པ་ཡོང་རྒྱུ་འདུག
རྒྱ་གར་ལུང་པ་འདི་ཆོས་དད་དམིགས་བསལ་ཡོད་ནའང་རེད་མེད་ནའང་རེད། འཚེ་བ་མི་བྱེད་པ་ཞེས་པའི་མིག་ལྟོས་ཡག་པོ་ཞིག་ཡོད། ད་དུང་ང་ཚོའི་འཛམ་གླིང་ལ་ཞི་བདེ་དགོས་ན་རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་བ་དང་སྤྱོད་པ་རྒྱ་སྐྱེད་གཏོང་ཐུབ་དགོས། ཆོས་ལ་དད་པ་བྱེད་མ་བྱེད་སོ་སོ་སྒེར་གྱི་དོན་དག་རེད། འཚེ་བ་མི་བྱེད་པའི་རྒྱུ་མཚན་ཆོས་ལ་བརྟེན་ནས་བསམ་བློ་གཏང་བ་ཡིན་ནའང་ཧ་ཅང་ཡག་པོ་རེད། གལ་སྲིད་ཆོས་མེད་ནའང་འཚེ་བ་མི་བྱེད་པ་དེ་གཙོ་བོ་ཕྱིན་པ་ཡིན་ན་ཧ་ཅང་ཡག་པོ་རེད་འདུག དེར་བརྟེན། རྒྱ་གར་འཚེ་བ་མི་བྱེད་པའི་རྒྱལ་ཁབ་ཅིག་ཆགས་ཡོད། ཆོས་ལུགས་རིས་མེད་ཀྱང་ཆགས་ཡོད། འཛམ་གླིང་གི་ཆོས་ལུགས་ཚང་མ་རྒྱ་གར་ནང་ཡོད་པ་རེད། ང་ཚོ་རྒྱ་གར་ནང་བཙན་བྱོལ་བ་བྱས་ནས་བསྡད་ཡོད་དུས་སྐལ་བ་བཟང་པོ་རེད་འདུག ཆོས་ལུགས་རིས་མེད་ཀྱི་ཆོས་ལུགས་ཡོད་པ་དང་། གཙོ་བོ་འཚེ་བ་མེད་ལ་བརྟེན་སྡོད་མཁན་ནང་ང་ཚོ་ཡོད་པ་དེ་ང་ཚོའི་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡག་པོ་བྱུང་བ་རེད་ལ། ཚང་མའི་སྡོད་ས་དེ་འཚེ་བ་མེད་པའི་ལུང་པ་ཞིག་ནང་བསྡད་པ་ནང་བཞིན་སོ་སོ་རང་གིས་ཉིན་རེ་བཞིན་དུ་བསམ་བློ་གཏོང་སྟངས་དེ་གཞན་ལ་འཚེ་བ་མི་བྱེད་པ། མཐའ་གཅིག་ཏུ་བརྩེ་བ་བྱེད་པའི་བསམ་བློ་གཏོང་ཐུབ་པ་བྱུང་ན་ཡག་པོ་ཡོང་གི་རེད། གཞན་དག་ཞུ་རྒྱུ་གང་ཡང་མི་འདུག ཅེས་དང་། དེ་རིང་མངའ་སྡེ་གཞུང་གི་གྲ་སྒྲིག་གནང་རྒྱུ་དང་། རྒྱ་གར་དབུས་གཞུང་ནས་ཀྱང་འབྲེལ་བ་ཡོད་པ་ཡིན་དུས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་འདུག
མཛད་སྒོའི་སྐབས་སུ་བཀའ་ཟུར་བསྟན་པ་ཚེ་རིང་གིས་ཕེབས་བསུའི་གསུང་བཤད་དང་། བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་མཛད་སྒོའི་ངོ་སྤྲོད་གསུང་བཤད། བྷི་ཧར་མངའ་སྡེ་གཞུང་གི་སོ་ནམ་ཞིང་ལས་བློན་ཆེན་སྐུ་ཞབས་ཀུ་མཱར་སརྦ་ཇིཏ་ཡིས་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མཱར་གྱི་གསུང་འཕྲིན་ལྗགས་ཀློག དེ་བཞིན་དམིགས་བསལ་སྐུ་མགྲོན་རྒྱ་གར་དབུས་གཞུང་གི་ཁྲིམས་དང་དྲང་བདེན་བློན་ཆེན་སྐུ་ཞབས་ཀི་རན་རི་ཇི་ཇུ་ཡིས་གསུང་བཤད་གནང་ཡོད་འདུག
ལྟེ་གནས་འདི་ཐོག་མར་དཔལ་ནཱལནྡཱའི་ལྟེ་གནས་ཞེས་མིང་བཏགས་འདུག་ཀྱང་། རྗེས་སུ་༸གོང་ས་མཆོག་ནས་ནང་པ་ཙམ་མིན་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཆ་ཚང་མཚོན་ཆེད་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་ཞེས་འབྲེལ་ཡོད་ཡོངས་དང་གོ་བསྡུར་གྱིས་བསྒྱུར་གནང་མཛད་ཡོད་པ་རེད། ལྟེ་གནས་ཁང་འདིར་བོད་དང་རྒྱ་གར་གྱི་གནའ་བའི་རིག་གཞུང་རྣམས་ལ་སློབ་གཉེར་དང། ཉམས་ཞིབ། མཚུངས་བསྔུར། འབྲི་རྩོམ། དཔར་སྐྲུན། སྒོམ་སྒྲུབ་ཉམས་ལེན། ཚོད་བལྟ་སོགས་དོན་གཉེར་བ་སོ་སོའི་གང་ལ་ཅི་འདོད་ཀྱི་ལས་དོན་སྒྲུབ་པའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།