༧གོང་ས་མཆོག་ནས་ཁེ་ན་ཌའི་སྲིད་བློན་གསར་པར་འཚམས་འདྲི་གནང་འདུག

དེ་སྔོན་ཁེ་ན་ཌའི་དམངས་གཙོ་གུ་ཡངས་སྲིད་དོན་ཚོགས་པའི་སྲིད་བློན་(Justin Trudeau)སྲིད་བློན་གྱི་གོ་གནས་ནས་དགོངས་པ་ཞུས་ཡོད་པར་བརྟེན། ཁོང་གི་ཚབ་ཏུ་(Mark Carney)ཟེར་བ་སྲིད་བློན་གསར་པ་བདམས་ཐོན་བྱུང་ཡོད་འདུག་པས། ༧གོང་ས་མཆོག་ནས་ཁོང་ལ་འཚམས་འདྲིའི་བཀའ་ཡིག་བསྩལ་གནང་ཡོད་འདུག

ཕྱི་ཚེས་༡༥ ཉིན་དགའ་ལྡན་ཕོ་བྲང་གི་དྲྭ་ཚིགས་ཐོག་གནས་ཚུལ་བཀོད་ཡོད་པ་ཞིག་ལ། ༧གོང་ས་མཆོག་ནས་ཁེ་ན་ཌའི་སྲིད་བློན་གསར་པ་(Mark Carney)ཁོང་ལ་ཁེ་ན་ཌའི་སྲིད་བློན་གསར་པ་ཕེབས་པར་འཚམས་འདྲི་བསྩལ་གནང་འདུག་པ་དང་། འཚམས་འདྲིའི་ནང་༧གོང་ས་མཆོག་ནས་ང་རང་ཁེ་ན་ཌའི་ཆེ་བསྟོད་མི་སེར་ལག་འཁྱེར་ཡོད་མཁན་ཞིག་ལ་མཚོན་ན། ཁེ་ན་ཌ་ཡིས་གསོན་ཤུགས་ལྡན་པའི་མང་གཙོ་ཞིག་ལོངས་སུ་སྤྱོད་བཞིན་པ་ནི་ཧ་ཅང་སྤོབས་པ་ཆེ་ཞིང་། ང་རང་དངོས་སུ་ཁེ་ན་ཌའི་ནང་ཡོང་དུས་ཁེ་ན་ཌའི་མི་མང་ཚོས་མཛའ་བརྩེ་མཚོན་པའི་རྣམ་འགྱུར་གྱིས་སེམས་འགུལ་ཆེན་པོ་ཐེབས་བྱུང་།

ངས་ཁྱེད་ཀྱི་སྔོན་གྱི་སྲིད་བློན་ལ་ཡང་ཁེ་ན་ཌའི་གཞུང་དང་མི་མང་གཉིས་ཀྱིས་བོད་ལ་མུ་མཐུད་ནས་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུའི་གོ་སྐབས་བྱུང་སོང་ལ། ད་དུང་ཁྱེད་ལ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་འདུག 

མཐའ་དོན་༧གོང་ས་མཆོག་ནས་ཁྱེད་ཀྱིས་མ་འོངས་པར་ཁེ་ན་ཌའི་མི་མང་གི་རེ་འདུན་སྐོང་ཐུབ་པ་དང་། གོ་ལའི་ཁྱོན་ཡོངས་ཀྱི་བདེ་འཇགས་དང་ཞི་བདེ་ལ་ལེགས་སྐྱེས་ཆེན་པོ་འབུལ་ཐུབ་པའི་སྨོན་འདོན་ཞུ་ཡི་ཡོད་ཅེས་གསུངས་གནང་འདུག  

གསར་འགོད་པ། བསོད་ནམས་ཕུན་ཚོགས།