༧གོང་ས་མཆོག་ནས་བསྟན་པའི་ཞབས་འདེགས་ལོ་བཅུ་ཕྲག་ཁ་ཤས་རིང་ལ་བསྒྲུབ་ཐུབ་རྒྱུ་ཏན་ཏན་ཡིན་པའི་ཞལ་བཞེས་གནང་།

རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཐོག་༧གོང་ས་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
དེ་རིང་ཕྱི་ཟླ་ ༥ པའི་ཚེས་ ༧ རེས་གཟའ་ལྷག་པའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བལ་ཡུལ་སྤོག་ར་ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། ཆ་ཕྲེང་བ་ཁག་ཅིག དེ་བཞིན་ཕག་རི་མི་མང་བཅས་ནས། རྡོ་རྗེ་སློབ་དཔོན་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཐོག་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་། བརྟན་བཞུགས་བསྟར་འབུལ་གྲུབ་མཚམས་སུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བརྟན་བཞུགས་བསྟར་འབུལ་ཞུ་མཁན་ཚོགས་པ་རྣམས་ཀྱི་མིང་ལྗགས་ཀློག་གནང་སྟེ་ཚང་མས་དད་སེམས་རྩེ་གཅིག་ཏུ་ཡིན་པ་གསལ་པོ་ཞེ་དྲག་ཡིན་པས་ཐུགས་རྗེ་ཆེ་ཞེས་གསུངས་གནང་བ་དང་། དེ་བཞིན་མགོན་པོ་གང་ཉིད་ལ་༧རྒྱལ་དབང་གི་མཚན་གྱི་ཐོགས་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེ་ཐག་ཆོད་མཛད་ཡོད་པ་དང་། རྒྱ་མིས་དོགས་ཟོན་བྱེད་ཡས་འདྲ་ཞིག་ཆགས་ནས་ མཐའ་མར་བཙན་བྱོལ་བ་ཆགས་ནས་རྒྱ་གར་ལ་ཕེབས་ཡོད་པ་དང་། རྒྱ་གར་དུ་ཕེབས་ནས་རྒྱ་གར་ཤར་ནུབ་དབུས་བཅས་ས་ཁུལ་ཁག་ནས་དད་འདུན་ཅན་གྱི་སྐྱེ་བོ་ཁྲི་ཕྲག་འབུམ་ཕྲག་གིས་དངོས་གནས་དྲང་གནས་རྩེ་གཅིག་གིས་དད་པ་བྱེད། དགའ་ཞེན་བྱས་ནས་མགོན་པོ་གང་ཉིད་ལ་མཇལ་བར་ཡོང་གི་ཡོད་པ་དང་། རྒྱ་གར་གྱི་ཆོས་པ་ཚོས་ཆོས་ལ་དད་པ་མཐའ་གཅིག་ཏུ་ཡོད་ཀྱང་མེད་ཀྱང་གང་ལྟར་ཏཱ་ལའི་བླ་མ་ཆབ་སྲིད་ཀྱི་དབུ་ཁྲིད་གལ་ཆེན་པོ་ཞིག་ལ་བརྩིས་ཅིང་དགའ་བོ་ཞེ་བོ་བྱེད་ཀྱི་ཡོད་པས། ༧གོང་ས་མཆོག་གི་སྐུ་ཚེ་ཇི་ཙམ་རིང་བ་དེའི་ཚོད་ཀྱིས་ཕན་ཐོགས་ཡོང་ས་རེད་བསམ་པ་ཐུགས་ལ་སྤོབས་པ་དང་གདེང་ཚོད་སྐྱེ་གི་འདུག་ཅེས་གསུངས།

ད་ལྟ་བར་དུ་རྒྱ་གར་ནང་ལོགས་སུ་རྒྱ་གར་མི་མང་ཚོ་དང་ཕར་ཚུར་འབྲེལ་བ་གནང་ནས་འབྲེལ་བ་ཡག་ཐག་ཆོད་ཡོད་པ་དང་། ཡུལ་མི་གཙོས་པའི་ཚང་མས་དགའ་བོ་བྱེད་ཀྱི་ཡོད་པ་དང་། རིམ་པས་རྒྱ་ནག་ནང་ལ་ཆ་བཞག་ནའང་ནང་ཆོས་ཤུགས་ཆེ་རུ་འགྲོ་གི་ཡོད་པ་དང། རྒྱ་ནག་ནང་དུ་ནང་ཆོས་དར་སྤེལ་ཐུབ་ཡས་ཀྱི་གནས་ཚུལ་མི་ཡོང་ངམ་དགོངས་ཀྱི་ཡོད་པས། དེ་འདྲ་བྱུང་ན་རྒྱ་ནག་ནང་ལ་ཡིན་ཡང་ནང་ཆོས་འཆད་སྤེལ་གནང་ནས་ཕན་ཐོགས་གནང་ཐུབ་པ་སོགས་ཀྱི་སྐོར་གསུངས། དེ་བཞིན་མགོན་པོ་གང་ཉིད་མི་ལུས་འདི་འདྲ་ཞིག་ཐོབ་ནས་ལྷ་མོའི་བླ་མཚོ་ནས་ཨ་ཀ་མ་ཞེས་གསུངས་པ་ནང་བཞིན་བྱས་ཏེ། ཁོང་གིས་སངས་རྒྱས་བཅོམ་ལྡན་འདས་བཀའ་དྲིན་ཅན་དེའི་བསྟན་པའི་ཞབས་འདེགས་ལོ་བཅུ་ཕྲག་ཁ་ཤས་རིང་ལ་ཏན་ཏན་བསྒྲུབ་ཐུབ་ཡས་དང་སྟོན་པའི་བཀའ་དྲིན་གསབ་ཡས་བཅས་གནང་ཐུབ་པར་ཚོད་ཐིག་གི་འདུག ད་ལྟ་བར་དུ་ཧུར་ཐག་གནང་བར་བཀའ་གནང་། དེ་བཞིན་ཟི་ལིང་ནས་ཡར་བྱོན་པའི་ཕྲུ་གུ་གཅིག་ལྷ་སར་༧རྒྱལ་དབང་གི་མཚན་ཁྱེར་ནས། བཞུགས་ཁྲིའི་སྒང་ལ་བཞུགས་ཡས་མ་གཏོགས་གལ་མཁྱེན་གྱི་མེད་ཀྱང་། ག་ལེར་ག་ལེར་ཁོང་གིས་སྐད་ཆ་གསུང་ཡས་གོམས་ནས། ལྷ་ས་ཡར་ཕེབས་ནས་བསྟན་པ་དང་འགྲོ་བའི་དོན་དག་ཞབས་འདེགས་གང་འཚམས་བསྒྲུབས་པ་དང་། གཙོ་ཆེ་ཤོས་སེར་འབྲས་དགའ་གསུམ་ལ་སོ་སོས་གྲྭ་སྐོར་དང་ལྷ་ལྡན་སྨོན་ལམ་ཆེན་མོ་ལ་དམ་བཅའ་བཞག་ཡས་དེ་དག་གི་ཐོག མགོན་པོ་གང་ཉིད་ཐུགས་འགྱོད་མེད་པ་ཞིག་ཧུར་ཐག་གནང་བར་གསུངས་པ་དང་སྦྲགས། དེ་དུས་ཁོང་ལ་མཚན་ཉིད་སློབ་མཁན་གཙོ་བོ་དེ་རྒན་སོག་པོ་དངོས་གྲུབ་ཚོགས་གཉིས་ཡིན་པ་དང། ཁོང་དཔེ་བཀའ་དྲིན་ཆེན་པོ་ཡིན་པ་བཅས་གསུངས་སོང་། སྤྱིར་དེ་རིང་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས་སུ་ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། ཆ་ཕྲེང་བ་ཁག་ཅིག། ཕག་རི་མི་མང་བཅས་ནས་འབྲེལ་ཡོད་མི་གྲངས་ཁྱོན་ ༤༠༠ ཡས་མས་དང་། གཞན་ཡང་བཞུགས་སྒར་གྱི་ཉེ་འཁོར་སེར་སྐྱ་མི་མང་བཅས་མཉམ་བཞུགས་གནང་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།