༧གོང་ས་མཆོག་ནས་བོད་མི་མང་ཚོགས་ལ་བཀའ་སློབ་བསྩལ་གནང་སོང་།

༧གོང་ས་མཆོག་ནས་ང་ཚོ་བཙན་བྱོལ་དུ་སླེབས་པ་ཚོས་དགོས་དོན་གང་ལ་གང་ཙམ་གྲུབ་ཡོད། གཙོ་ཆེར་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པ་དང་། ངོས་ལ་ཡིད་ཆེས་རྩེ་གཅིག་བྱས་ནས་གོང་བུ་གཅིག་གྱུར་གྱི་ནུས་པ་ཡག་ཐག་ཆོད་ཡོད། དེར་བརྟེན་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ད་ལྟའི་བར་དུ་ཚང་མས་ལྷག་བསམ་རྡོག་རྩ་ཆིག་སྒྲིལ་བྱས་ཏེ་བསྡད་པ་རེད། ད་དུང་ཡང་ངོས་རང་འབྱུང་འགྱུར་ལོ་ཉི་ཤུ་རྩ་གྲངས་ཏན་ཏན་སྡོད་ཀྱི་རེད། དེའི་རིང་ལ་ཁྱེད་ཚོ་ཚང་མས་སྔར་བཞིན་དུ་སེམས་ཤུགས་བསྐྱེད་ནས་བོད་རྒྱ་ཆེ་མི་མང་ད་ལྟ་ནང་བཞིན་དད་པ་དམ་ཚིག་གཡོ་བ་མེད་པ་བྱས་ཏེ་བཞུགས་ཨང་། འཛམ་གླིང་འགྱུར་བ་ཏན་ཏན་འགྲོ་གི་རེད། བོད་ཀྱི་བདེན་མཐའ་སེལ་ནས་གཞིས་བྱེས་མི་མང་མཉམ་འཛོམས་ཀྱིས་བཀྲ་ཤིས་ལོ་ལེགས་ཀྱི་དགའ་སྟོན་བྱེད་རྒྱུའི་དུས་ཚོད་ཅིག་ཏན་ཏན་ཡོང་གི་རེད། ཚང་མ་བློ་བདེ་པོ་བྱོས་ཞེས་བཀའ་སློབ་བསྩལ་གནང་འདུག 

ཟླ་༨  པའི་ཚེས་༧ ཉིན་༸གོང་ས་མཆོག་གིས་ལ་དྭགས་བོད་ཁྱིམ་གཡུ་ལོ་བཀོད་སློབ་གྲྭའི་རྩེད་ཐང་དུ་བོད་མི་མང་ཚོགས་ལ་བཀའ་སློབ་བཀའ་དྲིན་བསྩལ་གནང་ཡོད་པ་རེད། 

༧གོང་ས་མཆོག་ནས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་པའི་གནས་ཚུལ་ཐོག་བཀའ་སློབ་བསྩལ་དོན། ཕྱི་ལོ་ ༡༩༥༩ ལོར་ཐོར་མར་རྐྱེན་དེ་ངོས་རང་བཅིངས་གྲོལ་དམག་སྒར་གྱི་སྡོད་སྒར་གསར་པ་ཞིག་བཟོས་ཡོད་པ་དེར་བལྟ་བར་ཡོང་རོགས་ཞེས་བཤད་པ་ལྟར་ངོས་ཀྱིས་ངོས་ལེན་གྱིས་འགྲོ་རྒྱུ་གཏན་ཁེལ་བྱས་པ་རེད། སྐབས་དེར་རྒྱ་མིའི་ལས་ཁུངས་ནས་ཏཱ་ལའི་བླ་མ་གཅིག་པུ་མ་གཏོགས་སྐུ་སྲུང་དམག་མི་ཡོང་ན་འགྲིག་གི་མ་རེད། དེ་བཞིན་བོད་དམག་ལ་གོ་ལག་ཅིག་ཡོད་པ་དེའང་འཁྱེར་ན་འགྲིག་གི་མ་རེད་ཅེས་བཤད་པ་རེད། ལྷ་ས་མི་མང་གིས་༸རྒྱལ་བ་རིན་པོ་ཆེ་བཅིངས་གྲོལ་དམག་སྒར་ལ་ཕེབས་ཀྱི་ཡོད་ཅེས་པའི་སྐད་ཆ་གོ་དུས་འུར་བརྒྱབ་ནས་ནོར་བུ་གླིང་ཁར་ཡོང་སྟེ་ངོས་རང་བཅིངས་གྲོལ་དམག་སྒར་ལ་ཕྱིན་ན་འགྲིག་གི་མི་འདུག་ཅེས་འུར་ཧ་ཅང་བརྒྱབ་སོང་། བོད་པ་ཚོས་རྒྱ་མི་ལ་ཡིད་ཆེས་ཁྱོན་ནས་བྱེད་ཀྱི་མེད། དེ་དང་ཆབས་ཅིག་ལྷ་ས་བཅིངས་གྲོལ་དམག་སྒར་ནས་ངོས་ལ་ལན་ཞིག་འབྱོར་ཏེ་བོད་པ་ཚོས་ཟང་ཟིང་བྱས་ན་དྲག་གནོན་བྱེད་ཀྱི་ཡིན། ༸རྒྱལ་བ་རིན་པོ་ཆེ་ནོར་བུ་གླིང་ཁར་བཞུགས་སའི་ཕོ་བྲང་དེ་རྟགས་བརྒྱབ་རོགས། དེར་ང་ཚོས་དོ་ཕོག་མ་འགྲོ་བ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད། དེར་གོ་བ་གང་ལེན་རེད་འདུག གང་ལྟར་ངོས་རང་སྡོད་ས་གསལ་པོ་ཤེས་པ་ཡིན་ན་དེར་འབར་རྫས་འཕང་རྒྱུའི་འཆར་གཞི་ཡོད། དེའི་རྟགས་མཚན་ཞིག་ལ་རྗེས་སུ་ནོར་བུ་གླིང་ཁ་ནས་བྲོས་ཡོང་མཁན་སྐུ་སྲུང་དམག་མི་འགའ་ཤས་ཀྱིས་ངོས་རང་སྡོད་སའི་ནོར་བུ་གླིང་ཁའི་ཕོ་བྲང་གསར་པའི་ཐོག་ཁར་རྒྱ་མིའི་འབར་རྫས་ཁ་མ་གཤག་པ་ཁ་ཤས་འདུག་ཟེར། ངོས་ཀྱི་སྡོད་སར་རྟགས་རྒྱག་རོགས་ཞེས་པ་དེར་གོ་བ་གཉིས་འདུག ཆེད་མངགས་ངོས་ཀྱི་སྡོད་སར་འབར་རྫས་འཕང་རྒྱུ་ཡིན་ནམ་ཡང་ན་གཡོལ་ཆེད་ཡིན་ནམ་ཚོད་ཐིག་རྒྱུ་མི་འདུག

ཕྱོགས་མང་པོ་ཞིག་ནས་བལྟ་དུས་གནས་ཚུལ་ཡག་པོ་ཁྱོན་ནས་མི་འདུག དེས་ན། འཆར་ཅན་ལྟར་ལྷ་དང་བླ་མར་མོ་བརྒྱབ་པས་ནོར་བུ་གླིང་ཁ་ནས་ཐོན་ཞེས་ཟན་རྟགས་ལ་བབ། དེ་རང་ལ་སེམས་ཐག་བཅད་ནས་ནོར་བུ་གླིང་ཁ་ནས་དགོང་དྲོ་ཆུ་ཚོད་བཅུ་པ་ཙམ་ལ་ཐོན་པ་རེད། ནོར་བུ་གླིང་ཁར་རྟེན་གཙོ་བོ་མགོན་པོ་ཞིག་ཡོད། དེའི་མགོན་ཁང་དུ་བཅར་ནས་ཕྱིར་ཕྱག་ཞུས་ཏེ་ཐོན་ཡོང་བ་ཡིན། དེ་དུས་ང་ཚོའི་བསམ་བློའི་ནང་མ་འོངས་པར་གང་འདྲ་ཆགས་ཡོང་བསམ་པ་མ་གཏོགས་ཚོད་ཐིག་གི་མེད། ཐོག་མར་འབྲུག་ལ་འགྲོ་དགོས་སམ་རྒྱ་གར་ལ་འགྲོ་དགོས་བསམ་པའི་ཐེ་ཚོམ་སྐྱེ་དུས་རྒྱ་གར་གྱིས་དགའ་བསུ་ཡོད་ཅེས་ལན་འབྱོར་སོང་། ངོས་རང་ས་མཚམས་ལ་འབྱོར་སྐབས་ངོ་ཤེས་གྲོགས་པོ་རྙིང་པ་ཚོ་འཛུམ་ཤིག་ཤིག་བསྡད་འདུག ཧ་ཅང་དགའ་པོ་བྱུང་། དེ་ལྟར་རྒྱ་གར་ལ་འབྱོར་བ་དང་རྒྱ་གར་གཞུང་གི་སྐུ་མགྲོན་བྱས་ཏེ་དུས་ད་ལྟའི་བར་དུ་བསྡད་ཡོད། སྐབས་དེར་ཐན་ཀོན་སན་སོགས་མང་པོ་ཞིག་བསམ་བློ་མཁྲེགས་པོ་དང་བསམ་པ་གནག་པོ་ཡོད་པ་རེད། ཁོ་ཚོའི་བསམ་ཚུལ་ལས་ཡོངས་སུ་འདས་ནས་ངོས་རང་རྒྱ་གར་གཞུང་གི་སྐུ་མགྲོན་བྱས་ནས་རྒྱ་གར་གྱི་ས་མཚམས་ལ་འབྱོར་བ་རེད།  མིང་བཙན་བྱོལ་བ་དང་། དོན་དུ་རྒྱ་གར་གཞུང་གི་སྐུ་མགྲོན་བྱས་ཏེ་བསྡད་པ་རེད་ཅེས་གསུངས་འདུག 

དེ་བཞིན་༧གོང་ས་མཆོག་ནས་མུ་མཐུད་ནས་བཀའ་སློབ་བསྩལ་དོན། ནོར་གླིང་ནས་མ་ཐོན་སྔོན་ལ་ང་ཚོས་བསྐང་གསོལ་བཏང་བ་ཡིན། མཚན་གཅིག་རྨི་ལམ་དུ། གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས།། ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ།། མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང་།། བཀྲ་ཤིས་རྒྱལ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག། ཅེས་པའི་ཚིགས་བཅད་འདི་ངོས་ཀྱི་མདུན་དུ་མཁན་པོ་གང་ཙམ་ཞིག་གིས་སྐྱོར་སོང་། དེ་ནས་ཉིན་གཅིག་གཉིས་རྗེས་སུ་ངོས་རང་ནོར་བུ་གླིང་ཁ་ནས་ཐོན་ཡོང་བ་རེད། ཕྱི་ལོ་ ༡༩༥༦ ནས་ངོས་རང་རྒྱ་གར་གཞུང་གི་དཔོན་རིགས་ཚོར་ངོ་ཤེས་ཆགས་ཡོད། ཕྱི་ལོ་ ༡༩༥༩ ལོར་གནས་ཚུལ་བྱུང་སྟེ་རྒྱ་གར་རང་དབང་ལུང་པར་སླེབས་སྐབས་རྒྱ་གར་གཞུང་གིས་དགའ་བསུ་གཟབ་རྒྱས་གནང་རྒྱུ་བྱུང་། དེ་ལྟར་ང་ཚོའི་མི་ཚེ་གསར་པ་ཞིག་འགོ་ཚུགས་པ་རེད། རྒྱ་གར་ལ་སླེབས་ནས། བཀྲ་ཤིས་རྒྱལ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་པ་ལྟར། ངོས་རང་རྒྱ་གར་དུ་བསྡད་ནས་འཛམ་གླིང་ཐོག་བོད་དོན་ལ་དོ་སྣང་བྱེད་མཁན་དང་། བོད་ཀྱི་དཔལ་ནཱ་ལེན་ཌའི་ཆོས་བརྒྱུད་ཀྱི་ལྟ་སྒོམ་སྤྱོད་གསུམ་གང་གི་ཆ་ནས་ཡིན་ནའང་འཛམ་གླིང་འདིའི་སྟེང་ཧ་ཅང་གསལ་པོ་ཆགས་ནས་མི་མང་པོས་ཤིན་ཏུ་དགའ་པོ་བྱེད་པ་བྱུང་བ་རེད།

ཕྱི་ལོ་ ༡༩༥༩ ལོར་དྲག་གནོན་བྱེད་མཁན་ཐན་ཀོན་སན་སོགས་ཀྱི་བློ་ཡུལ་ལས་འདས་པ་ཞིག་ལ་ང་ཚོ་འདིར་བཙན་བྱོལ་བ་གཞིས་ཆགས་ནས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དང་། འཛམ་གླིང་འདིར་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་སླེབས་པ་དེ་ལྟར་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་རྐྱེན་ངན་གྲོགས་ལ་ཤར་བ་རེད། ང་ཚོ་ལྷ་སར་བསྡད་ཡོད་ན་རྦད་དེ་ནག་བསུབ་གཏོང་རྒྱུ་མ་གཏོགས་གང་ཡང་ཡོད་པ་མ་རེད། ང་ཚོས་ཐག་བཅད་ནས་ནོར་བུ་གླིང་ཁ་ནས་བྲོས་ཏེ་རྒྱ་གར་ལ་སླེབས་ཤིང་། འཛམ་གླིང་འདིར། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་པའི་དོན་དག་འདི་ངོས་ཀྱིས་ལག་ལེན་སྐྱེལ་བཞིན་ཡོད། ལ་དྭགས་ས་ཁུལ་གྱིས་མཚོན་པའི་ཧི་མ་ལ་ཡ་རི་རྒྱུད་འདི་དག་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་བསྟན་པ་དེ་སྔ་ནས་ཁྱབ་ཡོད་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེ་ཆགས་ཡོད། ནུབ་ཕྱོགས་ཡུལ་གྲུ་མཚོན་པའི་མང་པོ་ཞིག་ནི་བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའི་གནས་རེད། གང་ལྟར་བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག། ཅེས་ཐུགས་སྨོན་གནང་བ་ལྟར་འདས་པའི་ལོ་བཅུ་ཕྲག་ཁ་ཤས་ཤིག་འདི་ལྟར་ཕྱིན་པ་རེད།

ད་ལྟ་བོད་གངས་ཅན་ལྗོངས་ཀྱི་རྒྱ་ཆེའི་མི་མང་གི་དད་པ་དང་ལྷག་བསམ་གཡོ་བ་མེད་པར་ཧ་ཅང་བརྟན་པོར་གནས་འདུག དད་པ་དང་འདུན་པ་ཆིག་སྒྲིལ་ཡོད་པ་དེས་ནུས་པ་ཞིག་ཐོན་གྱི་ཡོད། རྒྱ་མི་གུང་ཁྲན་ནང་ལའང་རྩུབ་པོ་བྱེད་མཁན་རིགས་གཅིག་ཡོད། དེ་ཚོས་རྩུབ་སྤྱོད་མཐར་ཐུག་པ་བྱས་ཡོད་ནའང་བོད་རྒྱ་ཆེ་མི་མང་གི་ལྷག་བསམ་དང་དད་པར་འགུལ་བསྐྱོད་ཐེབས་མེད། དངོས་གནས་དྲང་གནས་ཧ་ལས་པའི་བརྟན་པོ་རེད། ཁྱེད་རང་ཚོ་བྱང་ཐང་ནས་ཡོང་མཁན་ཚོས་གང་ལ་གང་ཙམ་ཤེས་ཀྱི་རེད། བོད་རྒྱ་ཆེ་མི་མང་གིས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཟེར་དུས་ཧ་ཅང་གི་དད་པ་དང་འདུན་པ་རྩེ་གཅིག་ཏུ་བྱེད་ཀྱི་ཡོད། ང་ཚོ་བཙན་བྱོལ་བ་བྱས་ཏེ་བསྡད་ཡོད་ཀྱང་བོད་པའི་ཆོས་དང་རིག་གཞུང་གི་ཚོར་བ་ཧི་མ་ལ་ཡ་རི་རྒྱུད་དུ་སྔར་ནས་རིག་གཞུང་གཅིག་པ་ཡིན་པ་མ་ཟད། དེང་སྐབས་དོ་སྣང་གསར་པ་སླེབ་བཞིན་ཡོད།  བོད་ཆོལ་ཁ་གསུམ་ཡོངས་རྗོགས་ཀྱི་རྒྱ་ཆེའི་མི་མང་གིས་སེམས་ཤུགས་གཡོ་བ་མེད་པར་བསྡད་ཡོད་སྟབས། རྒྱ་ནག་གི་དཔོན་རིགས་ཚོར་བསམ་བློ་ཏོག་ཙམ་གསར་པ་ཞིག་སླེབ་བཞིན་འདུག  

ངོས་ཀྱིས་ངོ་ཤེས་པའི་བོད་པ་ཤེས་ཡོན་ཅན་ཁག་གཅིག་གིས་ངོས་ལ་བཤད་བྱུང་། རྒྱ་མིས་དམག་གི་ཐོག་ནས་བོད་ལ་དབང་བསྒྱུར་བ་རེད། རིམ་པས་དུས་ཀྱི་འགྱུར་བ་དང་བདེན་པའི་མཐའ་སེལ་ནས་བོད་ཀྱི་ཆོས་དང་རིག་གཞུང་གིས་རྒྱ་ནག་ལ་དབང་བསྒྱུར་ཐུབ་ཀྱི་རེད་ཅེས་བརྗོད་བྱུང་། དེ་བདེན་པ་ཡིན་ཚོད་འདུག དེང་སང་རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག རིམ་པས་ལོ་ཁ་ཤས་ནང་ལ་འགྱུར་བ་ཆེན་པོ་ཡོང་བ་ལྟ་བུ་འདུག 

ང་ཚོ་བཙན་བྱོལ་དུ་སླེབས་པ་ཚོས་དགོས་དོན་གང་ལ་གང་ཙམ་གྲུབ་ཡོད། གཙོ་ཆེར་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པ་དང་། ངོས་ལ་ཡིད་ཆེས་རྩེ་གཅིག་བྱས་ནས་གོང་བུ་གཅིག་གྱུར་གྱི་ནུས་པ་ཡག་ཐག་ཆོད་ཡོད། དེར་བརྟེན་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ད་ལྟའི་བར་དུ་ཚང་མས་ལྷག་བསམ་རྡོག་རྩ་ཆིག་སྒྲིལ་བྱས་ཏེ་བསྡད་པ་རེད། ད་དུང་ཡང་ངོས་རང་འབྱུང་འགྱུར་ལོ་ཉི་ཤུ་རྩ་གྲངས་ཏན་ཏན་སྡོད་ཀྱི་རེད། དེའི་རིང་ལ་ཁྱེད་ཚོ་ཚང་མས་སྔར་བཞིན་དུ་སེམས་ཤུགས་བསྐྱེད་ནས་བོད་རྒྱ་ཆེ་མི་མང་ད་ལྟ་ནང་བཞིན་དད་པ་དམ་ཚིག་གཡོ་བ་མེད་པ་བྱས་ཏེ་བཞུགས་ཨང་། འཛམ་གླིང་འགྱུར་བ་ཏན་ཏན་འགྲོ་གི་རེད། བོད་ཀྱི་བདེན་མཐའ་སེལ་ནས་གཞིས་བྱེས་མི་མང་མཉམ་འཛོམས་ཀྱིས་བཀྲ་ཤིས་ལོ་ལེགས་ཀྱི་དགའ་སྟོན་བྱེད་རྒྱུའི་དུས་ཚོད་ཅིག་ཏན་ཏན་ཡོང་གི་རེད། ཚང་མ་བློ་བདེ་པོ་བྱོས།

བོད་རིགས་གཞོན་ནུ་ཚོ་མཐོང་བའི་སྐབས་སུ་ང་ཚོའི་མདུན་ལམ་ད་དུང་ཡིན་ནའང་ཧ་ཅང་གསལ་པོ་ཡོད་པ་བློ་ལ་འཆར་ཡོང་གི་འདུག ད་བར་ཚང་མས་ཧུར་ཐག་བྱས་པ་རེད། སླད་ཀྱང་ལོ་བཅུ་ཕྲག་ཁ་ཤས་རིང་ཚང་མས་ཧུར་ཐག་བྱོས། བོད་ཐོག་འཛིན་པའི་རྒྱ་ནག་གི་སྲིད་བྱུས་ལ་འགྱུར་བ་ཏན་ཏན་འགྲོ་གི་རེད། བོད་གཞིས་བྱེས་མཉམ་འཛོམས་ཀྱི་ཐོག་ནས་བོད་ཀྱི་སངས་རྒྱས་པའི་བསྟན་པ་འཛམ་གླིང་ལ་ངོམས་སུ་ཆོག་པ་ཡོད་པ་འདི་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་ཡག་པོ་བྱས་ཐུབ་པ་ཞིག་ཏག་ཏག་ཡོང་གི་རེད། ཁྱེད་རང་ཚོ་ཚང་མ་སེམས་སྐྱིད་པོ་བྱོས། བློ་བདེ་པོ་བྱས་ནས་སྡོད་ཨང་ཞེས་བཀའ་སློབ་བསྩལ་གནང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།