༧གོང་ས་མཆོག་ནས་བྱམས་བརྩེ་དང་འཛིན་སྐྱོང་ཐོག་བཀའ་སློབ་བསྩལ་གནང་འདུག

༧གོང་ས་མཆོག་ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་གྲུབ་ཀྱིས་མི་སྒེར་དང་། སྤྱི་ཚོགས། ཐ་ན་འཛམ་གླིང་ཡོངས་ལ་བདེ་སྐྱིད་སྐྲུན་ཐུབ་ཀྱི་ཡོད་ཅེས་བཀའ་སློབ་བསྩལ་གནང་འདུག 

ཟླ་༡ པོའི་ཚེས་༢༡ ཉིན་རྒྱ་གར་གྱི་སྤྱི་དམངས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་མཐུན་འགྱུར་འོག ནཱེ་རུ་རྗེས་དྲན་གྱི་འགྲེམས་སྟོན་དང་དཔེ་མཛོད་ཁང་། སྐུ་ཞབས་ཊི་ཨན་ཅ་ཏུར་ཝེ་ཌི་དམ་པ་ (T. N. Chaturvedi) མཆོག་གི་ནང་མི་ནས་བྱམས་བརྩེ་དང་འཛིན་སྐྱོང་ཞེས་པའི་བརྗོད་གཞིའི་ཐོག སྐུ་ཞབས་ཊི་ཨན་ཅ་ཏུར་ཝེ་ཌི་དམ་པ་མཆོག་གི་རྗེས་དྲན་གཏམ་བཤད་དབུ་འབྱེད་མཛད་སྒོ་ཞིག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་སྤྱི་དམངས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་གོ་སྒྲིག་གནང་ཡོད་པ་དང་། དེ་གར་༸གོང་ས་མཆོག་ནས་རྗེས་དྲན་གཏམ་བཤད་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་གྱིས་བཀའ་སློབ་བསྩལ་གནང་འདུག 

སྐབས་དེར་༧གོང་ས་མཆོག་ནས་བཀའ་སློབ་བསྩལ་དོན། མཆེད་གྲོགས་རྣམ་པ་ཞུ་རྒྱུར། ངོས་རང་བཙན་བྱོལ་བ་ཆགས་པ་ནས་བཟུང་རྒྱ་གར་ལུང་པར་བསྡད་དང་སྡོད་མུས་རེད། ངོས་ཀྱིས་བྱིས་པའི་སྐབས་ནས་བཟུང་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་དང་ཚད་མ་རིག་པའི་སྐོར་སྦྱངས་པ་རེད། ཕྱིས་སུ་ངོས་རང་རྒྱ་གར་གཞུང་གི་སྐུ་མགྲོན་ཆགས་པ་དང། ཧ་ལམ་ངོས་ཀྱི་མི་ཚེ་ཧྲིལ་པོ་རྒྱ་གར་ལུང་པར་བསྐྱལ་པ་རེད། རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་དང་ཚད་མ་རིག་པ་དེ་དག་དངོས་གནས་དྲང་གནས་ཧ་ལས་པ་རེད། རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་ཅིག་རེད། རྒྱ་གར་ནང་འཛམ་གླིང་གི་ཆོས་ལུགས་ཕལ་ཆེ་བ་མཉམ་གནས་བྱས་ནས་སྡོད་མུས་ཡིན། ངོས་རང་བདག་ཉིད་ཆེན་པོ་གྷན་རྡི་མཆོག་དང་མཇལ་འཕྲད་ཀྱི་གོ་སྐབས་བྱུང་མྱོང་མེད་ནའང་། ཕྱིས་སུ་རྒྱ་གར་གྱི་སྲིད་བློན་དང་པོ་ནཱེ་རུ་མཆོག་དང་། སྲིད་བློན་དམ་པ་ལལ་བྷ་དུར་ཤཱསྟྲི་མཆོག ཨིན་དྷི་རཱ་གྷན་རྡི་མཆོག་སོགས་དང་ཐེངས་འགའ་མཇལ་འཕྲད་ཀྱི་གོ་སྐབས་བྱུང་། རླབས་ཆེན་གྱི་དབུ་ཁྲིད་དེ་དག་དང་ལྷན་དུ་མཇལ་འཕྲད་དང་གླེང་མོལ་སྐབས་བརྩི་བཀུར་ཞུས་མྱོང་། རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་ལྷག་གི་བྱམས་བརྩེ་དང་འཚེ་བ་མེད་པའི་རིག་གཞུང་དེ་དག་དངོས་གནས་དྲང་གནས་འགྲོ་བ་མི་ཙམ་མ་ཟད། འཇིག་རྟེན་འདིའི་སྟེང་དུ་འཚོ་བཞིན་པའི་དུད་འགྲོ་སེམས་ཅན་ཚང་མར་དགོས་མཁོ་ཆགས་ཡོད། འགྲོ་བ་མིའི་རིགས་ལ་དངོས་གནས་དྲང་གནས་བྱམས་བརྩེ་དང་འཚེ་བ་མེད་པའི་རིག་གཞུང་དེ་དག་དགོས་མཁོ་ཆགས་ཡོད།

ངོས་ཀྱིས་བློས་བཏང་གིས་རྒྱ་གར་གྱི་བྱམས་བརྩེ་དང་འཚེ་བ་མེད་པའི་རིག་གཞུང་དེ་དག་གོང་མཐོར་གཏོང་བཞིན་ཡོད། ངོས་ཀྱིས་རྒྱ་གར་གྱི་བྱམས་བརྩེ་དང་འཚེ་བ་མེད་པའི་རིག་གཞུང་དེ་དག་བོད་མི་དང་རྒྱ་གར་བ་ཙམ་མ་ཡིན་པར་འགྲོ་བ་མི་ཚང་མར་དགོས་མཁོ་ཡོད་པ་རྗོད་ཀྱི་ཡོད། ངོས་ཀྱིས་ནམ་རྒྱུན་ང་ཚོ་སྐྱེ་སྐབས་མའི་བྱམས་བརྩེ་ལ་བརྟེན་ནས་འཚར་ལོངས་འབྱུང་གི་ཡོད་པ་རྗོད་ཀྱི་ཡོད། རྩ་བའི་ཆ་ནས་ང་ཚོ་འགྲོ་བ་མིའི་རང་བཞིན་ནི་བྱམས་བརྩེའི་རང་བཞིན་རེད། སྤྱིར་ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་རེད། ང་ཚོ་སྤྱི་ཚོགས་ལ་མ་བརྟེན་པ་གཅིག་པུར་འཚོ་ཐུབ་ཐབས་མེད། སྤྱི་ཚོགས་ནི་ང་ཚོའི་འཚོ་གནས་ཀྱི་གཞི་རྟེན་ཡིན། འཛམ་གླིང་ནང་མི་ཐེར་འབུམ་བདུན་བརྒྱད་ཙམ་ཡོད་པ་རྣམས་མཉམ་དུ་འཚོ་དགོས། འཛམ་གླིང་ནང་མི་ཐེར་འབུམ་བདུན་བརྒྱད་ཙམ་ཡོད་པ་རྩ་བའི་ཆ་ནས་འགྲོ་བ་མི་ཡིན་པ་གཅིག་གྱུར་རེད། ང་ཚོ་འཚོ་གནས་བྱེད་པར་བྱམས་བརྩེ་དང་འཚེ་བ་མེད་པ་དགོས་ཀྱི་ཡོད། བྱམས་བརྩེ་ཡོད་ན་འཚེ་བ་མེད་པ་རང་བཞིན་གྱིས་ཡོང་གི་ཡོད། བྱམས་བརྩེས་རང་ཉིད་ཀྱི་སེམས་ལ་སྟོབས་ཤུགས་སྦྱིན་གྱི་ཡོད། བྱམས་བརྩེ་ཡོད་ན་སོ་སོའི་སེམས་པ་ལྷོད་ཤིག་ཤིག་ཡོང་གི་ཡོད་པ་མ་ཟད། རང་ཉིད་ལ་གདེང་ཚོད་སླེབ་ཀྱི་ཡོད། རང་ཉིད་ལ་བྱམས་བརྩེའི་བློ་ཡོད་ན་གཞན་མཆེད་གྲོགས་ཕོ་མོའི་འདུ་ཤེས་འཛིན་ཐུབ་ཀྱི་རེད། རྒྱ་གར་གྱི་གནའ་བོའི་རིག་གཞུང་བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་གྲུབ་ཀྱིས་མི་སྒེར་དང་། སྤྱི་ཚོགས། ཐ་ན་འཛམ་གླིང་ཡོངས་ལ་བདེ་སྐྱིད་སྐྲུན་ཐུབ་ཀྱི་ཡོད།

ད་ལྟ་ང་ཚོ་དང་ཁོང་ཚོ་ཞེས་མཚོན་ཆ་བེད་སྤྱོད་བྱས་ཏེ་འཁྲུག་རྩོད་རྒྱག་རྒྱུའི་དུས་ཚོད་ཡོལ་ཟིན་པ་རེད། བྱམས་བརྩེ་ཉམས་ལེན་བྱས་པ་ཡིན་ན་ཉིན་རེའི་མི་ཚེ་སྐྱིད་པ་ཡོང་གི་ཡོད་པ་མ་ཟད། གཉིད་ཀྱང་ཡག་པོ་ཁུག་གི་རེད་ལ། འཕྲོད་བསྟེན་ལའང་ཕན་གྱི་ཡོད། ང་ཚོར་གདོང་པ་གཅིག་དང་། མིག་གཉིས། སྣ་གཅིག་ཡོད་པ་གཅིག་པ་རེད། གལ་ཏེ་ངོས་རང་མིག་གསུམ་ལྡན་གྱི་མི་ཞིག་དང་ཐུག་པ་ཡིན་ན་ངོ་མཚར་སྐྱེ་ཡི་རེད། དེ་མིན་ང་ཚོ་ཚང་མ་འགྲོ་བ་མི་ཡིན་པ་གཅིག་གྱུར་རེད། ངའི་ཆོས་ལུགས་དང་ཁོང་ཚོའི་ཆོས་ལུགས། ངའི་རྒྱལ་ཁབ་དང་ཁོང་ཚོའི་རྒྱལ་ཁབ། ངའི་ལྟ་བ་དང་ཁོང་ཚོའི་ལྟ་བ་ཞེས་ཕན་ཚུན་འཁྲུག་རྩོད་བརྒྱབ་པ་ཡིན་ན་བསམ་བློ་ཧ་ཅང་གུ་དོག་པོ་རེད། དམག་འཁྲུག་དང་འཚེ་བའི་དུས་ཚོད་ཡོལ་ཟིན་པ་རེད།

ངོས་རང་ད་ལྟ་ལོ་ ༨༧ ལ་སླེབས་ཡོད་ཀྱང་། ནང་སེམས་ལ་ཞི་བདེ་ཡོད་སྟབས་གཞོན་ཉམས་དོད་པོ་ཡོད། སེམས་ཞི་བདེ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཕྱིའི་མཛེས་སྡུག་ལས་ནང་སེམས་ཀྱི་མཛེས་སྡུག་སྟེ་བྱམས་བརྩེ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་བསྩལ་གནང་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:

Leave a Reply