༧གོང་ས་མཆོག་ནས་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོར་མཆོད་མཇལ་དང་ཐུགས་སྨོན་མཛད་གནང་འདུག

ཟླ་༡ པའི་ཚེས་༡༩ ཉིན་༸གོང་ས་མཆོག་གིས་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོར་ཆིབས་སྒྱུར་བསྐྱངས་ནས་སྟོན་པའི་སྐུ་བརྙན་ལ་མཆོད་མཇལ་དང་ཐུགས་སྨོན་མཛད་གནང་འདུག

དེ་ཡང་གོང་ཚེས་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་ལྷན་རྒྱས་དང་བཅས་རྡོར་གདན་བྱང་ཆུབ་མཆོད་རྟེན་ཆེན་མོར་ཆིབས་སྒྱུར་སྐབས་མཆོད་རྟེན་གྱི་དམིགས་བསལ་སྒོ་ཆེན་དུ་མཆོད་རྟེན་འཛིན་སྐྱོང་གི་འབྲེལ་ཡོད་རྣམས་ཀྱིས་ཕེབས་བསུ་དང་བཅས་སྟོན་པའི་སྐུ་བརྙན་རིན་པོ་ཆེར་མཆོད་མཇལ་དང་། སྐུ་བརྙན་རིན་པོ་ཆེའི་མདུན་དུ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པ་སོགས་གསུང་འདོན་དང་ཐུགས་སྨོན་མཛད་རྗེས་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་སྒྱུར་བསྐྱངས་གནང་འདུག 

༸གོང་ས་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བར་འཁོད་དེ་དད་ལྡན་སྟོང་ཕྲག་མང་པོར་ཆོས་འབྲེལ་དང་། བཀའ་སློབ་ལམ་སྟོན། མི་མང་ལ་མཇལ་ཁ་སོགས་ཀྱི་མཛད་འཕྲིན་ཁག་རེ་ཞིག་ལེགས་པར་གྲུབ་སྟེ། ཕྱི་ལོ་ ༢༠༢༣ ཟླ་བ་ ༡ ཚེས་ ༢༠ ཉིན་གྷ་ཡ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༸ཞབས་སོར་འཁོད་རྒྱུ་དང་། ཚེས་ ༢༡ དང་ ༢༢ བཅས་ཉིན་གྲངས་གཉིས་རིང་ལྡི་ལིར་མཛད་འཕྲིན་བསྐྱང་རྗེས་ཚེས་ ༢༣ ཉིན་བཞུགས་སྒར་རྡ་སར་༸ཞབས་སོར་འཁོད་རྒྱུ་ཡིན་པ་རེད་འདུག །

Share this:

Leave a Reply