༧གོང་ས་མཆོག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་དྲ་ལམ་བརྒྱུད་མཇལ་ཁ་གནང་བ་དང་བཀའ་སློབ་བསྩལ་འདུག
ཟླ་༦ པའི་ཚེས་༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཇི་ལྟར་གསོལ་འདེབས་བཞིན་༸གོང་ས་མཆོག་གིས་དྲ་ལམ་བརྒྱུད་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་བསྩལ་ཡོད་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་གསལ། ༸གོང་ས་མཆོག་གིས་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །ཨེ་མ་བག་གྲོ་སྐུ་ཁམས་བཟང་། །གཏན་དུ་བདེ་བ་འཐོབ་པར་ཤོག ཅེས་ཐུགས་སྨོན་དང་འབྲེལ་བཀའ་སློབ་བསྩལ་དོན། ད་ཆ་ང་ཚོ་བོད་མི་རྣམས་བཙན་བྱོལ་བ་ཆགས་ཡོད་ནའང་དངོས་ཡོད་གནས་ཚུལ་ཐོག་ནས་བསམ་བློ་བཏང་བ་ཡིན་ན། ངོས་ཀྱིས་ནམ་རྒྱུན་བོད་པ་ཚོ་སོ་སོའི་ལུང་པ་དང་བྲལ་ནས་བཙན་བྱོལ་བ་ཆགས་པ་དེ་བོད་ལ་སངས་རྒྱས་ཀྱི་བསྟན་པ་ཧ་ཅང་སྤུས་དག་ཡོད་པ་འདི་ཉིད་བོད་ཙམ་མིན་པར་འཛམ་གླིང་གང་སར་ཁྱབ་ཐུབ་པ་བྱུང་བ་འདི་རྐྱེན་ངན་གྲོགས་ལ་ཤར་བ་ལྟ་བུ་ཞིག་རེད་ཅེས་བརྗོད་ཀྱི་ཡོད། འདིར་བཙན་བྱོལ་སྒྲིག་འཛུགས་ཤིག་ཡོད་པ་དང་། སྒྲིག་འཛུགས་དེ་ཡང་མིང་དོན་མཚུངས་པའི་མང་གཙོ་ཐོག་བཙུགས་ཡོད་སྟབས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བོད་མི་མང་ཚོགས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱས་ཏེ་ཡར་སླེབས་པ་རེད། སྒྲིག་འཛུགས་ཆུང་ཆུང་འདི་བརྒྱ་ཆ་བརྒྱ་ཐམ་པ་ཡང་དག་པའི་མང་གཙོ་ལམ་དུ་འགྲོ་བཞིན་ཡོད། གོང་ས་ལྔ་པ་ཆེན་པོ་མཆོག་གིས་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་མཛད་ཡོད་ནའང་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་མི་དམངས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲད་ཡོད་སྟབས། ད་རེས་སྲིད་སྐྱོང་མཆོག་བོད་མི་མང་ཚོགས་ཀྱིས་མང་མོས་སམ་སྤྱི་མོས་ཐོག་ཡར་སླེབས་པར་བརྟེན་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཡོད། ང་ཚོའི་སྒྲིག་འཛུགས་འདི་མུ་མཐུད་གནས་ཀྱི་རེད། རིམ་པས་རྒྱ་བོད་ཀྱི་འགྱུར་བ་ཏན་ཏན་ཡོང་གི་རེད། ཅེས་སོགས་ཀྱི་བཀའ་སློབ་བསྩལ་གནང་ཡོད་འདུག
སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། མགོན་པོ་གང་ཉིད་མཆོག་གིས་སྲིད་སྐྱོང་དམ་འབུལ་མཛད་སྒོར་དྲ་ལམ་བརྒྱུད་བཀའ་སློབ་བཀའ་དྲིན་བསྩལ་བར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུས་པ་དང་། སྲིད་སྐྱོང་གི་འགན་བཞེས་མ་ཐག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་སེལ་སླད་ཛ་དྲག་ཚོགས་ཆུང་བསྐྱར་སྒྲིག་དང་། བཙན་བྱོལ་བོད་མི་ཚོར་སྔོན་འགོག་སྨན་ཁབ་གང་མང་བརྒྱབ་ཐུབ་ཐབས། ནད་པར་མཐུན་འགྱུར་གང་ཐུབ་སྦྱོར་སྤྲོད་བྱེད་རྒྱུ། ནད་ཡམས་ཀྱིས་རྐྱེན་པས་འཚོ་བར་དཀའ་ངལ་འཕྲད་བཞིན་པ་དག་ལ་ནང་སྲིད་ལས་ཁུངས་བརྒྱུད་མཐུན་འགྱུར་ཞུ་རྒྱུ། དེ་བཞིན་བོད་རྒྱ་འགྲེལ་མོལ་སོགས་ཀྱི་སྐོར་ལྷན་སྙན་སྒྲོན་འབུལ་ཞུས་པར་མགོན་པོ་གང་ཉིད་མཆོག་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོས་བོད་མི་མང་ཚོགས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱས་ཏེ་ཡར་སླེབས་པ་རེད་འཚམས་འདྲི་ཡོད། ལས་ཀ་ཧུར་ཐག་བྱེད་ཤོག ཡིད་ཆེས་བློ་འགེལ་ཆ་ཚང་ཡོད། བཙན་བྱོལ་སྒྲིག་འཛུགས་འདི་མུ་མཐུད་གནས་ཀྱི་རེད། ཅེས་བཀའ་བརྩལ་གནང་མཛད་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།