༧གོང་ས་མཆོག་ནས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇིམྨི་ཀ་ཊར་སྐུ་ཚེ་མ་ཟིན་པར་ཐུགས་གསོ་སྩལ།

ཉེ་ཆར་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་དང་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇིམྨི་ཀ་ཊར་གཉིས་སྐུ་ཚེ་མ་ཟིན་པས། ༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ནས་དམ་པ་ཁོང་གཉིས་ལ་མྱ་ངན་གུས་འདུད་དང་ནང་མིར་ཐུགས་གསོ་སྩལ་གནང་འདུག 

ཕྱི་ཚེས་༢༧ ཉིན་གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་ སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་རྗེས། ཁོང་གི་སྐུ་ཟླ་ལ་ཐུགས་གསོ་ཞིག་སྩལ་གནང་འདུག ༧གོང་ས་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ནང་ངོས་ནས་ཁྱེད་ཀྱི་སྐུ་ཟླ་ཁོང་ལ་སྨོན་ལམ་འདེབས་ཀྱི་ཡོད་ལ། དཀའ་ཁག་ཆེ་བའི་དུས་ཚིགས་འདི་འདྲ་ཞིག་གི་སྐབས་སུ་ཁྱེད་དང་ཁྱེད་ཀྱི་ནང་མི་ཚོ་ལ་མྱ་ངན་ཞུ་བཞིན་ཡོད། ངས་ཁྱེད་ཀྱི་སྐུ་ཟླ་ཁོང་ག་དུས་མཇལ་ནའང་ཁོང་གི་ལམ་སྟོན་དང་བསམ་གཞིགས་ལ་ཡི་རང་ཞུ་ཡི་ཡོད། ཁོང་ནི་ངའི་གཅེན་པོ་ལྟ་བུ་ཚོར་གྱི་ཡོད་ལ། ཁྱེད་ཀྱི་སྐུ་ཟླ་ཡིས་གཞན་ལ་རོགས་རམ་དང་ཕན་སེམས་བྱེད་རྒྱུའི་སེམས་ཤུགས་གནང་མྱོང་། དམིགས་བསལ་ཁོང་གིས་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་ཐད་རླབས་ཆེན་གྱི་བྱས་རྗེས་བཞག་ཡོད་པ་དང་། རྒྱ་གར་མི་མང་ས་ཡ་མང་པོའི་འཚོ་གནས་ཡར་རྒྱས་བཏང་ནས་རླབས་ཆེན་གྱི་བྱ་གཞག་བསྒྲུབས་ཡོད་ཅིང་། ཁོང་ནི་བོད་མི་ཚོའི་གྲོགས་པོ་ཡག་པོ་ཞིག་ཀྱང་ཡིན་ཞེས་གསུངས་པ་དང་། མཇུག་ཏུ་༧གོང་ས་མཆོག་ནས་ཁོང་དགོངས་ལོ་༩༢ རིང་མི་ཚེ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་བཞུགས་ཡོད་ཅིང་། ང་ཚོ་ལ་ཡང་བློ་སྟོབས་སྐྱེ་འོས་པ་ཞིག་རེད་ཅེས་གསུངས་གནང་འདུག 

དེ་བཞིན་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༢༩ ཉིན་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇིམྨི་ཀ་ཊར་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་༸གོང་ས་མཆོག་གིས་ཕྱི་ཚེས་ ༣༠ ཉིན་སྲིད་འཛིན་ཟུར་པའི་བུ་ཅིཔ་ཀ་ཊར་ལགས་ཀྱི་མཚན་ཐོག་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། སྲིད་འཛིན་ཟུར་པ་ཀ་ཊར་མཆོག་གིས་དོན་སྙིང་ལྡན་པའི་མི་ཚེ་བསྐྱལ་ཡོད། ཁོང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་དབུལ་ཕོངས་དང་ཉམ་ཐག་ལ་རོགས་རམ་གནང་བ་མ་ཟད། རྩོད་རྙོག་ཁག་ཞི་བའི་ལམ་ནས་སེལ་ཐབས་དང་། འཛམ་གླིང་ཁྱོན་ཡོངས་སུ་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་གཏོང་ཆེད་འབད་བརྩོན་རྒྱུན་མི་ཆད་པ་གནང་ཡོད་ཅིང་། ཁོང་གིས་ལོ་མང་པོའི་རིང་གཞན་ཕན་གྱི་ལས་དོན་ཐོག་མུ་མཐུད་ཧུར་བརྩོན་གནང་བ་དེས་ང་ཚོ་ཚང་མར་གཞན་ཕན་གྱི་མི་ཚེ་ཇི་ལྟར་སྐྱེལ་དགོས་པའི་མིག་དཔེ་བཟང་པོ་བསྟན་ཡོད། ཕྱི་ལོ་ ༢༠༠༢ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་ནས་ཁོང་གིས་འགྲོ་བ་མིའི་བདེ་དོན་ཆེད་མཛད་རྗེས་ལ་ངོས་འཛིན་གནང་བའི་ཐོག་ཁོང་ལ་ནོ་སྦེལ་ཞེ་བདེའི་གཟེངས་རྟགས་ཕུལ་ཡོད་ཅེས་དང་། དེ་བཞིན་སྲིད་འཛིན་ཟུར་པ་ཀ་ཊར་མཆོག་གིས་བོད་ཀྱི་གནས་སྟངས་ཐོག་ཐུགས་སྣང་དང་ཐུགས་ཁུར་ཆེན་པོ་གནང་བ་དང་། བོད་མིའི་དཀའ་སྡུག་སེལ་ཐབས་སུ་ལས་འགུལ་སྤེལ་གནང་བར་ངོས་རང་དང་། བོད་མི་རྣམས་ནས་རྟག་ཏུ་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད་ཅེས་འཁོད་ཡོད་འདུག

གཞན་ཡང་ཕྱི་ཟླ་༡༢ ཚེས་༣༠ ཉིན་དབུས་བོད་མིའི་སྒྲིག་འཛུགས་ནས་རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༢༦ ཉིན་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་བཞིན་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇིམྨི་ཀ་ཊར་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༢༩ ཉིན་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་གཉིས་ལ་མྱ་ངན་གུས་འདུད་ཞུ་སླད། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༣༠ ཉིན་གྱི་ཉིན་གུང་ཆུ་ཚོད་ ༢ ཐོག་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་དྷ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཞིག་འཚོགས་གནང་ཡོད་འདུག་ལ། སྐབས་དེར་དཔལ་ལྡན་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་ནས་གསུང་བཤད་གནང་དོན་ལ། རྒྱ་གར་གྱི་སྲིད་བློན་ཟུར་པ་སྐུ་ཞབས་མན་མོ་ཧན་སིངྒ་དང་། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇིམྨི་ཀ་ཊར་རྣམ་གཉིས་ཆེད་མཆོད་འབུལ་སྨོན་ལམ་འཛོམས་པ་རེད།⊇ བོད་མིའི་སྒྲིག་འཛུགས་ནས་དབུ་ཁྲིད་རྣམ་གཉིས་འདས་གྲོངས་སུ་གྱུར་བའི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། དུས་སྐབས་དཀའ་ངལ་ཅན་འདིར་སྨོན་ལམ་དང་ཁོང་ཚོ་དང་མཉམ་དུ་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་བསྔོ་སྨོན་གསུང་འདོན་དང་། དམ་པ་ཁོང་གཉིས་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་ཉིན་རྒྱབ་ཆུ་ཚོད་ ༣ ནས་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་འདུག དེ་བཞིན་སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་གཉིས་ཀྱིས་ཀྱང་དམ་པ་ཁོང་གཉིས་ཀྱི་ནང་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཡིག་སྩལ་གནང་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།