༧གོང་ས་མཆོག་བཞུགས་པའི་སྐབས་གོ་སྐབས་ཐོབ་ཚེ་ལས་དོན་འཇོན་པའི་གདེང་ཚོད་ཡོད་ཅེས་གསུངས་སོང་།

ཟླ་༡༢ པའི་ཚེས་༣༠ ཉིན་བཞུགས་སྒར་རྡ་ས་མེག་གྷན་དུ་སྲིད་སྐྱོང་འོས་མི་བཀའ་ཟུར་རྒྱ་རི་སྒྲོལ་མས་མི་མང་ལ། འོས་བསྡུའི་གཏམ་བཤད་གནང་སོང་། 

དེ་ཡང་ཁོང་གིས་གསུང་དོན་དུ། ཕྱི་ལོ་༢༠༡༡ ལོར་བཀའ་བློན་ཁྲི་པའི་འོས་བསྡུར་རང་ཉིད་འོས་མིར་ལངས་ཡོད་པ་དང་། སྐབས་དེར་རྒྱལ་ཁ་ཐོབ་ཀྱི་མེད་པ་ཤེས་ཀྱི་ཡོད་ཀྱང་བོད་ཀྱི་མང་གཙོའི་ཚད་གཞི་དེ་བུད་མེད་ཅིག་ཀྱང་བཀའ་ཁྲིའི་འོས་མིར་ལངས་ཐུབ་པའི་རྣམ་པ་སྟོན་ཆེད་དུ་ཆ་ཤས་བླངས་ཡིན། རྗེས་སུ་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་གནང་རྒྱུ་ཐུགས་ཐག་བཅད་རྗེས། ཁྲིམས་བཟོ་ལྷན་ཚོགས་ལ་འགན་འཕར་མ་ཞིག་སླེབས་ཡོད་པས། རང་ཉིད་གྲོས་ཚོགས་ཀྱི་ཚོགས་གཞོན་ཡིན་པའི་ཆ་ནས་ལས་འགན་ལྕི་མོ་ཞིག་ཡོད་པས། བཀའ་བློན་ཁྲི་པའི་འོས་མི་གསུམ་གྱི་ཁོངས་སུ་སླེབས་ཡོད་ཀྱང་། ཁྲིམས་བཟོའི་ལས་དོན་ལ་འཐུས་ཤོར་མི་འགྲོ་བའི་ཆེད་དུ་འོས་མི་ནས་ཕྱིར་འཐེན་བྱས་ཡོད་སྐོར་དང་། ཐེངས་འདིར་ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་འོས་མིར་བུད་མེད་ཀྱི་ཐོབ་ཐང་རྩོད་ཆེད་དུ་ལངས་ཀྱི་མེད་པ་དང་། དེ་ནི་བརྡ་ལན་ཞིག་སྤྲོད་ཆེད་དུ་ལངས་ཀྱི་ཡོད་པ། ༧གོང་ས་མཆོག་ནས་རྒྱལ་སྤྱིའི་སྡིངས་ཆ་དང་བརྒྱུད་ལམ་མང་པོ་ཞིག་གི་ཐོག་ཏུ། ད་ལྟའི་དུས་སྐབས་འདིར་འཛམ་གླིང་ནང་བུད་མེད་ཀྱི་འགོ་ཁྲིད་ག་ཚོད་མང་བ་ཡོད་ན་བཟང་བ་ཡོད་པའི་བཀའ་སློབ་བསྩལ་གནང་གི་ཡོད་པས། སྲིད་སྐྱོང་འོས་མིར་ལངས་ཀྱི་ཡོད། དེ་བཞིན་སྤྱི་ཚོགས་དང་བོད་མིའི་འཐབ་རྩོད་ལ་མུ་མཐུད་ནས་ཞབས་ཞུ་བྱེད་འདོད་ཡོད་ཁར། ༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་སུ་གོ་སྐབས་དེ་ཐོབ་ཚེ། ལས་དོན་ལ་འཇོན་ཐུབ་པའི་གདེང་ཚོད་ཡོད་པ་དང་། གལ་ཏེ་༧གོང་ས་མཆོག་སྐུ་འཚོ་བཞུགས་མེད་པའི་སྐབས་སུ་གོ་སྐབས་དེ་ཐོབ་ཚེ། ལས་དོན་ལ་འཇོན་ཐུབ་པའི་གདེང་ཚོད་དེ་ཙམ་མེད་སྐོར་གསུངས་སོང་།

ཁོང་གིས་ད་ལྟའི་དུས་འདི་བོད་དོན་ཆེད་དུ་ཛ་དྲག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། སྐབས་རེ་རྒྱ་ནག་གི་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་མ་གཏོགས་མཐོང་གི་མེད་ཀྱང་། འདི་ལོར་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་འཛམ་གླིང་གི་ཆབ་སྲིད་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་ཁར། རྒྱ་ནག་ལ་ཁ་གཏད་བྱེད་མཁན་མང་དུ་འགྲོ་བཞིན་པའི་སྐབས་དེར། བོད་མི་ཚོས་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་གོམས་པ་སྤོ་རྒྱུ་གལ་ཆེན་ཡིན་པ། དེ་བཞིན་རྒྱ་གར་ནང་དུ་བོད་དོན་ཐོག་འགྱུར་བ་འགྲོ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད་པའི་ཐོག ཨ་རི་དང་ཡུ་རོབ་སོགས་ནས་བོད་དོན་རྒྱབ་སྐྱོར་གྱི་ནུས་པ་མཉམ་སྤུངས་བྱེད་རྒྱུ་གལ་ཆེན་ཆགས་སྐོར་གསུངས་སོང་།

ཁོང་གིས་མུ་མཐུད་ནས་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ནང་བཙན་བྱོལ་དུ་ཡོད་པའི་བོད་མིའི་བདེ་སྡུག་ཐོག་ཁོ་ནར་བགྲོ་གླེང་འགྲོ་ཡི་ཡོད་པ་དེ་ལས་རྒྱུ་འབྲས་དང་མཐུན་གྱི་མེད་པ། བོད་མི་རྣམས་ཆབ་སྲིད་ཀྱི་བཙན་བྱོལ་ཡིན་པས། བོད་དོན་མདེན་མཐའ་གསལ་རྒྱུ་དེ་གནད་དོན་གལ་ཆེ་ཤོས་ཆགས་ཀྱི་ཡོད་སྐོར་གསུངས་སོང་། །

གསར་འགོད་པ་སྐལ་བཟང་དོན་གྲུབ།