༧གོང་ས་མཆོག་རྒྱ་གར་གྱི་ས་གནས་གང་དུ་ཕེབས་ན་རྒྱ་ནག་ལ་ཐེ་ཇུས་མེད།

རྒྱ་གར་ཀོང་གྷེ་རེ་སི་ཆབ་སྲིད་ཚོགས་པའི་འགོ་ཁྲིད་རན་ཌིབ་སར་ཇེ་ཝ་ལ་(Randeep Surjewala) ཡིས་“༧གོང་ས་མཆོག་རྒྱ་གར་གྱི་ས་གནས་གང་དུ་ཡང་། རང་དབང་གི་ངང་ནས་ཆིབས་སྒྱུར་བསྐྱངས་ཆོག དེའི་ཐད་རྒྱ་ནག་ལ་ཐེ་བྱུས་བྱེད་རྒྱུའི་ཐོབ་ཐང་མེད་”ཅེས་བརྗོད་འདུག

ལོ་རྗེས་མའི་ཕྱི་ཟླ་དང་པོའི་ནང་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་རུ། ༧གོང་ས་མཆོག་གདན་འདྲེན་ཞུ་རྒྱུའི་ཐད། ཉེ་ཆར་རྒྱ་ནག་གིས་ཉེན་བརྡ་བཏང་བ་དེར་ངོས་ལེན་མེད་པའི་བརྡ་ལན་བཏང་ཡོད་འདུག

རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༩ ཉིན་སྐུ་ཞབས་རན་ཌིབ་སར་ཇེ་ཝ་ལས། “དེའི་ཐད་རྒྱ་ནག་ཁོ་རང་ཚོར་ཁོ་རང་ཚོའི་བསམ་ཚུལ་ཡོད་ཆོག་ཀྱང་། ང་ཚོའི་ངོས་ནས་༧གོང་ས་མཆོག་ནི། བཀུར་བར་འོས་པའི་རྒྱ་གར་གྱི་སྐུ་མགྲོན་ཞིག་ཡིན་པས། རྒྱ་གར་གྱི་ཁྲིམས་ལུགས་དབང་ཚད་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ས་ཆ་ག་པར་ཡིན་རུང་། རང་དབང་ངང་ཕེབས་ཆོག”ཅེས་དང་། ཡང་ཁོང་གིས་“རྒྱ་ཁབ་གཞན་དང་། མི་སྒེར་པ། ལྷག་ཏུ་རྒྱ་ནག་བཅས་ཀྱིས་ཨ་རུ་ན་ཅལ་མངའ་སྡེ་གཞུང་དང་། དེ་བཞིན་རྒྱ་གར་དབུས་གཞུང་བཅས་ལ་ཐེ་ཇུས་བྱེད་རྒྱུའི་དབང་ཆ་རྩ་བ་ནས་ཡོད་མ་རེད། ཨ་རུ་ན་ཅལ་གྱི་ས་ཆ་དང་། མངའ་ཁོངས་བཅས་ནི་རྒྱ་གར་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། ང་ཚོར་དེའི་ཐོབ་ཐང་དང་བདག་དབང་ཡོད་པས་དེ་སུས་ཀྱང་ནམ་ཡང་བསུབ་ཏུ་མེད་པ་ཞིག་རེད།”ཅེས་བརྗོད་ཡོད་འདུག

ཁ་སྔོན་བདུན་ཕྲག་སྔོན་མའི་ནང་ཨ་རིའི་གཞུང་ཚབ་མི་སྣ་རི་ཅར་ཌི་ཝེར་མ་(Richard Verma) རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ནང་སྐོར་བསྐྱོད་ཡོང་ཡོད་པར་རྒྱ་ནག་གཞུང་གིས་ཁོང་ཁྲོའི་རྣམ་འགྱུར་བསྟན་ཡོད་ཁར། ས་གནས་དེར་༧གོང་ས་མཆོག་ཆིབ་སྒྱུར་གནང་བ་ལ་ཡང་ནམ་རྒྱུན་ནས། རྒྱ་ནག་གིས་སྐྱོན་བརྗོད་བྱེད་ཀྱི་ཡོད་རྐྱེན། ཟླ་བ་འདིའི་ཕྱི་ཚེས་༢༧ ཉིན་རྒྱ་གར་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ཝི་ཀ་སི་ཝར་པིས་(Vikas Swarup) རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་“༧གོང་ས་མཆོག་ནི་བཀུར་འོས་ཆོས་ལུགས་ཀྱི་སྐྱེས་ཆེན་ཞིག་དང་། རྒྱ་གར་གྱི་སྐུ་མགྲོན་ཞིག་ཡིན་པས། རྒྱ་གར་གྱི་ས་གནས་གང་དུ་ཆིབས་བསྒྱུར་བསྐྱངས་ནའང་རྦད་དེ་རང་དབང་ཡིན་”ཞེས་བསྒྲགས་ཡོད་པ་རེད། དེ་བཞིན་“དོན་དངོས་སུ་༧གོང་ས་མཆོག་གི་ཐུགས་རྗེ་བྱིན་རླབས་ལ་རེ་སྒུག་བྱེད་མཁན་ནང་པ་ཧ་ཅང་མང་པོ་ཨ་རུ་ན་ཅལ་མངའ་སྡེ་རུ་ཡོད་རེད། འདས་པའི་དུས་སུ་ཁོང་ཆིབས་བསྒྱུར་གནང་ཡོད་པ་བཞིན། མ་འོངས་པར་ཁོང་ག་དུས་ཕེབས་ན་ཕེབས་ཆོག་”ཅེས་བསྒྲགས་ཡོད་པ་དེར་ལན་དུ། ཟླ་འདིའི་ཕྱི་ཚེས་༢༨ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ལུ་ཁང་(Lu Kang)གིས་“ཏ་ལའི་བླ་མ་ཨ་རུ་ན་ཅལ་མངའ་སྡེ་རུ་མགྲོན་འབོད་བྱས་པ་དེས་ནི། རྒྱ་དཀར་ནག་བར་ལ་ས་མཚམས་ཀྱི་རྩོད་རྙོག་ཡོད་པའི་ས་གནས་དེའི་ཞི་བདེ་བརྟན་གནས་ལ་གནོད་སྐྱོན་གཏོང་གི་ཡོད་པ་དང་། དེ་བཞིན་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་ཡང་གནོད་སྐྱོན་གཏོང་གི་རེད་”ཅེས་ཉེན་བརྡ་བཏང་ཡོད་འདུག

རྒྱ་ནག་གིས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་རྗེས། ༡༩༦༢ ལོར་ས་མཚམས་ཀྱི་རྩོད་རྙོག་ལ་བརྟེན་ནས་ཕྱོགས་གཉིས་བར་དམག་འཁྲུག་བྱུང་ཡོད་པ་དང་། ད་བར་དཀའ་རྙོག་སེལ་ཐབས་སུ་བགྲོ་གླེང་ཐེངས་མང་བྱས་ཀྱང་། ཐག་གཅོད་གང་ཡང་བྱུང་མེད་པ་རེད། རྒྱ་གར་གྱིས་བརྗོད་པ་ལྟར་ན། ཨ་རུ་ན་ཅལ་ནུབ་ཕྱོགས་ཀྱི་ས་ཆའི་ཁྱབ་ཚད་ཀི་ལོ་མི་ཊར་གྲུ་བཞི་མ་༣༨,༠༠༠རྒྱ་ནག་གིས་བཟུང་ཚར་ཡོད་པའི་གནས་ཚུལ་འདུག

གསར་འགོད་པ་བཀྲ་ཤིས་དོན་གྲུབ།