༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བོད་མིའི་གཞིས་སྒར་དུ་ཆིབས་བསྒྱུར།
༧གོང་ས་མཆོག་གིས་ཨ་རིའི་ཡུལ་གྲུ་ཁག་ཅིག་ཏུ་བདུན་ཕྲག་གཉིས་རིང་མཛད་འཕྲིན་བསྐྱངས་ནས། ཟླ་འདིའི་ཚེ་༡ ཉིན་མཁའ་ལམ་བརྒྱུད་ནས་ཐད་ཀར་རྒྱ་གར་ལྷོ་ཕྱོགས་ཀ་ཎ་ཌ་ཀ་མངའ་ཁུལ་དུ་རྟེན་གཞི་བྱས་པའི་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་སྒར་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
དེ་ཡང་ཉིན་དེའི་ཞོགས་པ་ཆུ་ཚོད་༩་༣༠ ཙམ་གྱི་ཐོག་༧གོང་ས་མཆོག་སེར་སྐྱ་མི་མང་གིས་ཕེབས་ཞུས་ཏེ། འབྲས་སྤུངས་བླ་སྤྱིའི་འདུ་ཁང་ནང་ཕེབས་སྟོན་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་པ་དང་། ཐོག་མར་༧གོང་ས་མཆོག་གིས་འབྲས་སྤུངས་བླ་སྤྱིའི་རྟེན་གཙོ་རྣམས་མཇལ་བཅར་གནང་གྲུབ་པ་དང་བཞུགས་ཁྲིར་འཁོད་མཚམས་དགའ་ལྡན་ཁྲི་རིན་པོ་ཆེས་མཎྜལ་རྟེན་གསུམ་འདེགས་འབུལ་སོགས་ཀྱི་ལས་རིམ་གྲུབ་མཚམས་སུ་༧གོང་ས་མཆོག་གིས་ཕེབས་བསྟོན་མཛད་སྒོར་བཅར་མཁན་ཚོར་འཚམས་འདྲི་དང་འབྲེལ་བཀའ་སློབ་གནང་སྐབས། དཔལ་ན་ལེན་ཏྲ་ནས་བརྒྱུད་པའི་སེམས་ཁམས་རིག་པ་དང་འབྲེལ་བའི་ཆོས་བརྒྱུད་དེ་དག་ལོ་ངོ་སྟོང་ཕྲག་རིང་ང་ཚོ་བོད་པ་ཚོས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད་པ་དང་ད་ཆ་འཛམ་གླིང་འདིར་ང་ཚོའི་ངོས་ནས་ཞབས་འདེགས་སྒྲུབ་པའི་དུས་ལ་བབ་ཡོད་སྐོར་གསུངས་པ་དང་། ཁོང་གིས་ཐེངས་འདིར་ཨ་རིའི་ཁུལ་གྱི་བདུན་ཕྲག་གཉིས་རིང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་བྱུང་ཡོད་སྐོར་དང་འབྲེལ་གསུང་དོན། གཞི་རྩའི་དེང་སྐབས་ཨ་རིའི་ནང་ལ་ཡང་བྱམས་བརྩེའི་ཉམས་ལེན་ཐོག་དོ་སྣང་ཆེན་པོ་བྱེད་བཞིན་པ་དང་། ལྷག་པར་དུ་ཨ་རིའི་གྲོང་ཁྱེར་གཉིས་ཙམ་གྱི་མིང་ཡང་སྙིང་རྗེའི་གྲོང་ཁྱེར་དང་བྱམས་བརྩེའི་གྲོང་ཁྱེར་ཞེས་པའི་མིང་བཏགས་ཡོད་པ་མ་ཟད། དེ་འབྲེལ་གྲོང་ཁྱེར་དེ་དག་ནང་བྱམས་བརྩེ་དང་འབྲེལ་བའི་བགྲོ་གླེང་དང་དེ་དག་བརྒྱུད་འཁྲུག་རྩོད་རིགས་ཀྱང་ཇེ་ཉུང་དུ་སོང་ཡོད་པ་སོགས་དངོས་སུ་ཕན་ཐོགས་བྱུང་གི་ཡོད་སྐོར་དང་། མིང་དེ་ཚོ་ངས་བཏགས་བཞག་པ་དེ་འདྲ་མིན་ལ་ཁོ་རང་ཚོས་དེ་ལྟར་མིང་བཏག་བཞག་པ་ཞིག་རེད་”ཅེས་དང་།
ཉེ་ལམ་༧གོང་ས་མཆོག་ཨ་རིར་ཕེབས་སྐབས་གྲོང་ཁྱེར་སྤྱི་ཁྱབ་པ་༢༠༠ ཙམ་གྱི་ལྷན་འཛོམས་སྐབས་ཁོང་རྣམས་པས་ཀྱང་དེའི་ཐད་ཐུགས་སྣང་གནང་བཞིན་པ་སོགས་ངོ་སྤྲོད་གནང་བ་དང་། བྱམས་བརྩེ་དང་སེམས་ཁམས་རིག་པའི་ཤེས་ཡོན་སློབ་གསོ་ནི་གཞི་རིམ་བུ་གཅོལ་ཁང་ནས་འགོ་འཛུགས་བྱེད་དགོས་པ་དང་དེའི་རྒྱབ་ལྗོངས་སུ་རིམ་བཞིན་སེམས་ཁམས་རིག་པའི་རྣམ་གཞག་རྒྱ་ཆེ་རུ་གཏོང་དགོས་པ་ཞིག་ཡིན་ཞིང་དེའི་ཆེད་ཆོས་ལུགས་དང་མ་འབྲེལ་ཞིང་བཟང་སྤྱོད་གོང་འཕེལ་གྱི་སློབ་གསོའི་སློབ་དེབ་ཞིག་ཀྱང་རྩོམ་སྒྲིག་བྱེད་བཞིན་པ་དང་ཟླ་ཤས་ནང་གཏན་འབེབ་བྱེད་ཐུབ་ཀྱི་ཡོད་སྐོར་ཡང་བཀའ་གནང་སོང་།
དེ་འདྲ་ཡིན་དུས་ནང་པ་མེད་སའི་ས་ཆ་ཨ་རིའི་ལྟ་བུ་ལ་མཚོན་ན་ཡང་བྱམས་བརྩེ་ཟེར་བ་དེ་ཁ་ཙམ་མིན་པར་དོན་ལ་ལག་ལེན་བསྟར་ཡོང་གི་ཡོད་པ་རེད། རྒྱ་ནག་ནང་ལོགས་སུ་མཚོན་ན། ནང་པའི་གྲངས་འབོར་ས་ཡ་༤༠ ཙམ་ཡོད་ཅིང་དེང་སྐབས་བོད་བརྒྱུད་ནང་བསྟན་ལ་ཡང་དོ་སྣང་ཇེ་ཆེར་འགྲོ་བཞིན་ཡོད་པར་བརྟེན། ང་ཚོས་ངོས་ནས་ཕྱིའི་རང་དབང་ལུང་པར་བཟང་སྤྱོད་དང་འབྲེལ་བའི་ལས་འགུལ་ཞིག་སྤེལ་ཐུབ་ན་རྒྱ་ནག་ནང་ཏན་ཏན་ཤུགས་རྐྱེན་ཐེབས་ངེས་ཡིན་ཞིང་དེའིི་ཐོག་ནས་བོད་དོན་ཐོག་ལ་ཡང་ཕན་ཐོགས་ཡོང་གི་རེད་ལ། རྩ་བའི་ཡ་རབ་བཟང་སྤྱོད་ནས་མགོ་བཙུགས་ཏེ་རིམ་བཞིན་སེམས་ཁམས་རིག་པའི་སློབ་སྤྱོང་གནང་རྒྱུ་དང་། མུ་མཐུད་ནས་བྱམས་བརྩེའི་ནུས་སྟོབས་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།
དེ་ནས་མོན་གྷོ་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལ་༧གོང་ས་མཆོག་གིས་མོན་གྷོ་ས་གནས་ཀྱི་གདན་ས་ཁག་གི་ནང་སློབ་གཉེར་གནང་ངེས་ཅན་ག་ཚོད་ཡོད་མེད་དང་། ས་གནས་རྒས་གསོ་ཁང་དང་འཕྲོད་སྟེན་སྨན་ཁང་སོགས་ཀྱི་གནས་སྟངས་དང་ལྷག་པར་འཕྲོད་བསྟེན་སྨན་ཁང་ནང་སྨན་པ་མེད་པའི་རྒྱུ་མཚན་གང་ཡིན་དང་། གཞིས་ཆགས་འདིའི་ནང་ཉལ་ཐ་འཐེན་མཁན་ཡོད་མེད། ད་ལྟའི་ཆར་ས་གནས་མི་མང་གི་འཚོ་བའི་གནས་སྟངས། འདི་ལོར་ཆར་ཆུ་དུས་སུ་འབབ་ཀྱི་ཡོད་མེད། ཞིང་ལས་ཀྱི་ཐོན་སྐྱེད་ཡག་སྡུག་སོགས་ཀྱི་སྐོར་བཀའ་འདྲི་དང་འབྲེལ་མི་མང་མཉམ་འབྲེལ་གྱི་འཕྲུལ་རྨོས་སྡེ་ཚན་ནམ། ལྕགས་བཟོ་སྡེ་ཚན་དེ་ཚོ་ཡར་རྒྱུས་སུ་གཏོང་ཐུབ་ན་ལེགས་སྐོར་སོགས་བཀའ་སློབ་གནང་སོང་།
རྩ་བའི་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་ཆིབས་བསྒྱུར་གནང་དགོས་དོན་གཙོ་བོ་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་གདན་ས་སེ་འབྲས་དགེ་གསུམ་གཙོ་བོར་གྱུར་བའི་གདན་ས་གྲ་ཚང་ཁག་གི་དགེ་འདུན་པ་བརྒྱ་ཕྲག་ཁ་ཤས་ལ་བསྙེན་རྫོགས་ཀྱི་སྡོམས་པ་སྒྲུབ་གནང་རྒྱུ་ཡིན་པ་དང་། དེ་བཞིན་ཕྱི་ཚེས་༦ ཉིན་མགོན་པོ་གང་ཉིད་བོད་ལུགས་དགུང་གྲངས་༨༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་གི་ཡོད་པ་དང་། གཞན་ཡང་ཕྱི་ཟླ་བདུན་པའི་ཚེས་༧ ཉིན་འབྲས་སྤུངས་བློ་གསལ་གླིང་གི་ཆོས་ར་ཆེན་མོ་གསར་བཞེངས་ལེགས་པར་གྲུབ་པའི་དབུ་འབྱེད་མཛད་སྒོ་དང་རབ་གནས་གནང་རྒྱུ་སོགས་ཀྱི་མཛད་འཆར་ཁག་ཅིག་གཏན་ཁེལ་ཡོད་པ་རེད་འདུག
དེ་ཡང་ཕྱི་ཚེས་༢ ནས་༥ བར་ཉིན་བཞི་རིང་ཉིན་རེར་དགེ་འདུན་པ་གྲངས་༦༠ ཙམ་རེར་སྙེན་རྫོགས་ཀྱི་སྡོམས་པ་སྒྲུབ་གནང་གི་ཡོད་པ་རེད་འདུག
གཞན་ཡང་འབྲས་སྤུངས་དགའ་ལྡན་ཕོ་བྲང་བླ་སྤྱིའི་ངོས་ནས་མཐུན་གྱུར་དང་གྲ་སྒྲིག་འོག་ཐེངས་འདིའི་གཞུང་འབྲེལ་འཁྲུངས་སྐར་གྱི་མཛད་སྒོ་དེ་ཡང་འབྲས་སྤུངས་དགའ་ལྡན་པོ་བྲང་བླ་སྤྱིའི་མདུན་ཐང་དུ་སྲུང་བརྩི་གོ་སྒྲིག་གནང་བཞིན་ཡོད་པ་དང་། ཉིན་དེའི་སྔ་ཐོག་འབྲས་སྤུངས་དགའ་ལྡན་ཕོ་བྲང་བླ་སྤྱིར་དགེ་ལུགས་ཡོངས་ཀྱི་ངོས་ནས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གནང་གི་ཡོད་པ་དང་ཆབས་ཅིག་མོན་གྷོ་སེར་སྐྱ་མི་མང་ཡོངས་ཀྱི་ངོས་ནས་ཀྱང་འདི་ལོ་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཚུགས་ནས་ལོ་ངོ་༥༠ ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་ནས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་བརྟན་བཞུགས་བསྟར་འབུལ་དང་ཞུ་རྒྱུ་མ་ཟད། གསེར་དངུལ་ལས་གྲུབ་པའི་ཆོས་ཀྱི་འཁོར་ལོའི་གཟེངས་རྟགས་ཞིག་ཀྱང་འབུལ་བཞེས་གནང་རྒྱུ་རེད་འདུག
ཐེངས་འདིའི་༧གོང་ས་མཆོག་ཆིབས་བསྒྱུར་སྐབས་མོན་གྷོ་ས་གནས་ཀྱི་སེར་སྐྱ་མི་མང་གིས་ཕེབས་ལམ་གྱི་འཁོར་ཡུག་གཙང་བཟོ་སོགས་གོ་སྒྲིག་སྔར་ལྷག་འཐུས་ཚང་ཞུས་ཡོད་པ་དང་། ལྷག་པར་དུ་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིི་སྐུ་ཕྱྭའི་སྲུང་སྐྱོབ་ཆེད་མངའ་སྡེ་གཞུང་དང་ཀར་བར་རྫོང་གཉིས་ཀྱིས་དམིགས་བསལ་སྐུ་ཕྱྭའི་ཉེན་སྲུང་གི་ཐད་གྲ་སྒྲིག་དང་འགན་ཁུར་འཐུས་ཚང་གནང་བཞིན་པའི་ཐོག་མོན་གྷོ་ས་གནས་སེར་སྐྱ་མི་མང་གིས་ངོས་ནས་དང་བླངས་སྐུ་སྲུང་བ་༡༥༠ ཙམ་གི་སྒྲིག་བྱས་ཡོད་པ་རེད་འདུག །
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།