༧གོང་ས་མཆོག་རྟ་དབང་དུ་རྟེན་གཞི་བྱས་པའི་ཀ་ལ་དབང་པོའི་ཚོགས་ཁང་དུ་ཆིབས་བསྒྱུར།
ཟླ་འདིའི་ཚེ་༡༠ ཉིན་༧གོང་ས་མཆོག་རྟ་དབང་དུ་རྟེན་གཞི་བྱས་པའི་ཀ་ལ་དབང་པོའི་ཚོགས་ཁང་དུ་ཆིབས་བསྒྱུར་གནང་བ་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་དང་། རྟ་དབང་གྲོས་ཚོགས་འཐུས་མི་ཚེ་རིང་བཀྲ་ཤིས། ཆོས་རིག་འགན་འཛིན་འཇམ་དཔལ་དབང་བསྡུས། བླ་སྤྲུལ་ཁག རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་སོགས་ཀྱི་དབུས་མི་མང་ལ། འཇིག་རྟེན་གྱི་བདེ་སྐྱིད་དང་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་པ་རེད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཀ་ལ་དབང་པོའི་ཚོགས་ཁང་དུ་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། “འཛམ་གླིང་བྱམས་བརྩེ་ལྡན་པ་ཞིག་དང་དུས་རབས་༢༡ འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་བཟོ་ཐབས་བྱ་རྒྱུ་འདི་ངོས་ཀྱི་ལས་འགན་ཞིག་ཡིན། ཞི་བདེ་ངོ་མ་དེ་བསམ་བློའི་ནང་ནས་ཡོང་དགོས། ངོས་ཀྱི་བསམ་པར་འཛམ་གླིང་དམག་ཆེན་དང་པོའི་རྗེས་ལ་ཞི་བདེ་དོན་གཉེར་དེ་ཙམ་བྱས་མེད་ཀྱང་། དེ་རྗེས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ལ་མི་ཚོས་ཞི་བདེ་དང་ཞི་བདེ་ཟེར་ནས་དོན་དངོས་དམག་གི་སྟོབས་ཤུགས་རྒྱ་སྐྱེད་བཏང་ནས་བསྡད་པ་རེད། དམག་འཁྲུག་མེད་པ་ཙམ་གྱིས་ཞི་བདེ་ཡོད་པ་ཞིག་ལ་ངོས་འཛིན་མི་རུང་། དཔེར་ན། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་དང་གྲང་དམག་སྐབས་ཕྱིའི་མཐོང་ཚུལ་ལ་ཕན་ཚུན་དམག་འཁྲུག་མ་བརྒྱབ་པར་གནས་ཡོད་ཀྱང་། དེ་ནི་ཞི་བདེ་འཁྲུལ་སྣང་བ་ཞིག་ཡིན། དུས་སྐབས་དེའི་རིང་དམག་གི་གོ་ལག་བཟོ་རྒྱུས་མཚོན། དམག་རྒྱག་རྒྱུར་གྲ་སྒྲིག་ཨང་གསར་བྱས་ནས་བསྡད་པ་རེད། དུས་སྐབས་དེའི་རིང་རྒྱལ་ཁབ་ཕན་ཚུན་དམག་མ་བརྒྱབ་ནས་བསྡད་པ་དེ་ཕྱོགས་གཅིག་ནས་འཇིགས་སྣང་དབང་གིས་ཞི་བདེ་མ་བྱས་ཐབས་མེད་ཆགས་པ་རེད། དེ་ལྟ་བུའི་ཞི་བདེ་ནི་བཅོས་མའི་ཞི་བདེ་རེད། བསམ་བློའི་ནང་གི་དོན་དམ་གྱི་ཞི་བདེ་དེ་བཤག་བཅོས་བྱས་ནས་བཟོ་ཐབས་མེད་”ཅེས་བཀའ་སློབ་གནང་།
༧གོང་ས་མཆོག་གིས་ཚན་རིག་དང་འབྲེལ་ནས་གསུང་དོན། “དུས་རབས་༢༠ མཇུག་ཙམ་བར་ཚན་རིག་པ་ཚོས་ཤེས་པའི་རྣམ་གཞག་སྐོར་ཤེས་ཀྱི་མེད། ཀླད་པ་ཙམ་ལས་ཤེས་པ་ཡོད་པ་མ་བཤད། སྐབས་ཤིག་ཉི་ཧོང་དུ་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་གྱི་ཀླད་ཁམས་ཚན་རིག་པའི་ཁྱད་ལས་པ་ཞིག་དང་ཐུག་བྱུང་། ཚོགས་འདུའི་སྔོན་ཙམ་ལ་ཁོང་ངོས་རང་ཐུག་པར་བསླེབས་བྱུང་། སྐབས་དེར་ཁོང་གི་ཕྲུ་གུ་ཉེ་ལམ་འདས་གྲོངས་སུ་གྱུར་སོང་ཞེས་ཧ་ཅང་བློ་ཕམ་དང་བཅས་བརྗོད་བྱུང་། འོན་ཀྱང་ཁོང་གིས་ཤེས་པའི་རྣམ་གཞག་ཁས་མི་ལེན། ཀླད་པ་ཁོ་ན་ལས་ཤེས་པ་མི་འདོད་མཁན་ཞིག་རེད། ངོས་ཀྱིས་ཁོང་ལ་སེམས་གསོ་བཏང་བ་ཡིན། འོན་ཀྱང་སྐབས་དེར་ངོས་ཀྱི་བསམ་བློའི་ནང་། ཁོང་ཀླད་ཁམས་ཚན་རིག་པ་གྲགས་ཅན་ཞིག་རེད། དེར་བརྟེན་རང་ཉིད་སྒེར་ལ་དཀའ་ངལ་དེ་ལྟ་བུ་ཞིག་འཕྲད་ཀྱང་ད་དུང་ཁོང་གིས་ཤེས་པ་ཡོད་པ་ཁས་ལེན་བྱེད་ཀྱི་མེད། འོན་ཀྱང་སེམས་སྡུག་ནི་ཧ་ཅང་ཆེན་པོ་ཞིག་ཁོང་ལ་ཡོད་པ་རེད། གལ་ཏེ་དེ་ལྟ་བུའི་སེམས་སྡུག་དེ་ཀླད་པ་ནས་ཡོང་བ་ཞིག་ཡིན་ན། ཀླད་པའི་ཆ་ཤས་དེ་སེལ་བ་ཡིན་ན་སེམས་སྡུག་མི་ཡོང་བ་ཞིག་རེད་”ཅེས་བཀའ་སློབ་གནང་།
གོང་ས་མཆོག་གིས་མུ་མཐུད་བཀའ་སློབ་གནང་དོན། “རིམ་བཞིན་དུས་རབས་ ༢༠ མཇུག་ཙམ་དུ་ཚན་རིག་པ་གྲགས་ཅན་དེ་འདྲས་ཀླད་པ་གཞན་པའི་ཆོས་གཅིག་ཡོད་པ་གཞི་ནས་ངོས་འཛིན་བྱེད་འགོ་བཙུགས་ནས་ཚོད་ལྟ་མཐིལ་ཕྱིན་པ་ཞིག་བྱེད་བཞིན་ཡོད། ལོ་དང་ཟླ་བ་འགའ་ཤས་རིང་སྒོམ་རྒྱག་མཁན་གྱི་མི་ཚོའི་ཀླད་པ་དེ་དག་ཕྲན་བུ་མི་འདྲ་བ་ཡོད་པ་ར་སྤྲོད་བྱུང་སྐབས། གཞི་ནས་ཚན་རིག་པ་དེ་དག་གིས་སྒོམ་བརྒྱབ་པ་དང་བློ་སྦྱོང་ཐོག་ནས་དབང་རྩར་འཕེལ་གྲིབ་ Brain Plasticity ཡོང་བཞིན་ཡོད་པ་ཤེས་རྟོགས་ཐུབ་ཡོད། དེར་བརྟེན་ད་ཆ་ཚན་རིག་པ་ཚོས་ཤེས་པའི་རྣམ་གཞག་ཁས་ལེན་བྱེད་ཀྱི་ཡོད། རྒྱ་གར་ནང་འདས་པའི་ལོ་ངོ་༥༠ རིང་འདས་གྲོངས་ཕྱིན་ཡང་ཕུང་པོ་སོས་པ་བྱས་ནས་སྡོད་མཁན་ཉུང་མཐར་མི་གྲངས་སུམ་ཅུ་བཞི་བཅུ་ཙམ་བྱུང་ཡོད། དེའི་ཁོངས་ནས་མི་འགའ་ཤས་འཆི་ཚར་ནས་བདུན་ཕྲག་གཅིག་དང་གཉིས། འགའ་ཤས་བདུན་ཕྲག་གསུམ་བཞི་དེ་འདྲའི་རིང་ཕུང་པོར་དྲི་མ་མ་བརྒྱབ་པ་དང་ཕུང་པོ་མ་རུལ་བ་བྱས་ནས་བསྡད་ཐུབ་པ་དེ་འདྲ་བྱུང་བ་རེད་”ཅེས་སོགས་བཀའ་སློབ་གནང་།
སྐབས་དེར་བུད་མེད་གཅིག་གིས་དགེ་འདུན་པ་ཚོས་ཆབ་སྲིད་ལས་དོན་ནང་འཛུལ་ཞུགས་གནང་བ་དེ་ཆོས་ཕྱོགས་ཀྱི་འགྲོ་སྟངས་དང་རྒྱབ་འགལ་ཆགས་པ་ཞིག་མིན་ནམ་ཞེས་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་བཀའ་ལན་བསྩལ་དོན། “ངོས་ལ་བསམ་ཚུལ་དེ་འདྲ་ཞིག་ཡོད། ལོ་མང་པོའི་གོང་ནས་ལ་དྭགས་ལ་རེད། དེ་བཞིན་འདིར་མོན་ཡུལ་ལ་རེད། ཆབ་སྲིད་དེ་གལ་ཏེ་མི་མང་གི་བདེ་དོན་ཁོ་ནའི་ཆེད་ཡིན་ན་ཆབ་སྲིད་གཙང་མ་རེད། དེ་འདྲ་བྱུང་ན་འགྲིག་པ་ཞིག་རེད། འོན་ཀྱང་སྐབས་རེ་ཆབ་སྲིད་དེ་བཙོག་པ་ཆགས་ཀྱི་ཡོད། ཆབ་སྲིད་པའི་བཟང་སྤྱོད་ཀྱི་གནས་ཚད་དམའ་བོ་ཆགས་པ་ཡིན་ན་ཆབ་སྲིད་བཙོག་པ་ཆགས་རྒྱུ་རེད། དེ་བཞིན་ཆོས་པ་ཚོའང་གཅིག་པ་རེད། ཆོས་པ་ཡིན་ཞེས་ཀུན་སློང་གཙང་མ་ཞིག་མེད་ན་ཆོས་དེའང་ཆོས་བཙོག་པ་ཞིག་ཆགས་པ་རེད། དེར་བརྟེན་ཆབ་སྲིད་ལས་ཀ་དེ་ཏོག་ཙམ་བཙོག་པ་ཆགས་ཡོང་གི་འདུག་ན་ང་ཚོ་ནང་པའི་དགེ་འདུན་པ་ཚོས་ཆབ་སྲིད་དང་ཐག་རིང་ཙམ་སྡོད་དགོས། འདི་ངོས་ཀྱི་བསམ་ཚུལ་ཡིན། སྔ་མོ་ངོས་ཀྱིས་བརྗོད་རྒྱུ་བྱུང་གྲྭ་པ་གཅིག་གིས་ཆབ་སྲིད་ནང་འཛུལ་ནས་གང་བྱུང་བྱས་པ་དེས་དགེ་འདུན་གྱི་འདུས་སྡེ་ཡོངས་ལ་གནོད་རྒྱུ་རེད་”ཅེས་བཀའ་ལན་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།