༧གོང་ས་མཆོག་ལ་གྷན་དྷི་མན་ཌེ་ལ་གཟེངས་རྟགས་འབུལ་བཞེས་མཛད་སོང་།

ཟླ་འདིའི་ཚེས་༡༩ ཉིན་གྷན་དྷི་མན་ཌེ་ལ་ཐེབས་རྩ་ཁང་གིས་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་གྷན་དྷི་མན་ཌེ་ལ་གསེར་གྱི་རྟགས་མ་འབུལ་བཞེས་གནང་སོང་།

སྐབས་དེའི་མཛད་སྒོའི་སྐུ་མགྲོན་དུ་ཧི་མ་ཅལ་མངའ་སྡེའི་སྲིད་སྐྱོང་(shri  Rajendra) གཙོས་པའི་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་། གཞན་ཡང་སེར་སྐྱ་མི་མང་བརྒྱ་ཕྲག་ཁ་ཤས་ཕེབས་གནང་འདུག

༧གོང་ས་མཆོག་གིས་འཛམ་གླིང་ཞི་བདེ་དང་འཆམ་མཐུན་གྱི་དོན་དུ་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པར་བརྟེན། རྒྱ་གར་དང་བལ་ཡུལ། བྷང་ལ་དྷེ་ཤེ་བཅས་རྒྱལ་ཁབ་གསུམ་གྱི་ཁྲིམས་དཔོན་ཟུར་པ་ལྔ་ཡིས་ཐེངས་འདི་གསེར་གྱི་རྟགས་མ་དེ་ཉིད་༧གོང་ས་མཆོག་ལ་འབུལ་རྒྱུ་ཐག་གཅོད་གནང་ཡོད་འདུག་ལ། གྷན་དྷི་མན་ཌེ་ལ་(Gandhi Mandela) ཞེས་པའི་གསེར་གྱི་གཟེངས་རྟགས་ནི་རྒྱ་གར་ནང་གཟེངས་རྟགས་རིན་གོང་ཆེ་ཤོས་གྲས་ཤིག་ཡིན་འདུག

གྷན་དྷི་མན་ཌེ་ལ་ཐེབས་རྩ་ཁང་ནི་རྒྱ་གར་གཞུང་གིས་ངོས་འཛིན་ཡོད་པའི་ཐེབས་རྩ་ཁང་ཞིག་ཡིན་པ་དང་། ཐེབས་རྩ་ཁང་དེ་ཡིས་མི་སྒེར་གྱི་རང་དབང་དང་སྤྱི་དམངས་འདོད་དབང་། དེ་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གོང་མཐོ་གཏོང་རྒྱུའི་ཐོག་ལ་ལས་ཀ་བྱེད་བཞིན་ཡོད་འདུག་ལ། ཐེབས་རྩ་ཁང་དེའི་སྤྱི་ཁྱབ་ལས་ཁུངས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་ཡོད་རུང་། ཡན་ལག་ལས་ཁུངས་མང་པོ་ཞིག་ནི་ཨ་རི་དང་རྒྱ་ནག བལ་ཡུལ་དང་ཨུ་རུ་སུ་སོགས་རྒྱལ་ཁབ་མང་པོའི་ནང་ཡོད་འདུག

གཟེངས་རྟགས་དེ་ནི་རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་བདག་ཉིད་ཆེན་མོ་གྷན་དྷི་དང་། ལྷོ་ཨ་ཧྥི་རི་ཀའི་རང་བཙན་འཐབ་རྩོད་པ་ནན་སི་མན་ཌེ་ལ་ (Nelson Mandela) གཉིས་ཀྱི་བྱས་རྗེས་དག་ལ་རྒྱུན་འཁྱོངས་བྱེད་མཁན་དག་ལ་འབུལ་སྲོལ་ཡོད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།

Share this:

Leave a Reply